འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཐུན་སྒྲིལ་དང་བརྟན་ལྷིང་བྱུང་ཚེ་གཞི་ནས་འཕེལ་རྒྱས་ཡོང་ཐུབ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་གྲས་ཤིག་ཡིན། མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡོད། གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དང་། ཐུན་མོང་ཐོག་ཞི་མཐུན་ཡར་ཐོན། འཆམ་མཐུན་མཉམ་གནས་བཅས་བྱས་ནས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ་མོ་ཡོད།
         “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་ལ་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་རྩ་བའི་འགན་ལེན་ཡིན། དུས་ཡུན་རིང་པོའི་ནང་། ལྷོ་ཁའི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་ལས་བྱུང་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཁས་གྲུབ་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་འགྲེལ་བཤད་དེ་ལྟར་བརྒྱབ།
         མི་རིགས་དབར་འཆམ་མཐུན་མེད་ན། སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྒྲིལ་མི་ཡོང་ལ། དཔལ་འབྱོར་དར་རྒྱས་གོང་འཕེལ་དང་མི་རིགས་ཁག་དར་རྒྱས་དེ་བས་ཡོང་མི་ཐུབ།
         “ག་དུས་ཡིན་རུང་མི་རིགས་མཐུན་སྒྲིལ་དང་ཁ་འབྲལ་ཐབས་མེད། མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབས་ཚེ། མི་རིགས་ཁག་དབར་ལ་གཞི་ནས་གོང་བུ་འགྲིལ་ཤུགས་དང་གཞི་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་ལ་ལས་དོན་ཁག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། ལག་ལེན་ཐོག་ནས་ར་འཕྲོད་བྱུང་བར། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྷོ་ཁ་ཚགས་པར་ལས་ཁུངས་ཀྱི་ཧྲེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཅས་ཡིན་པའི་བསོད་ནམས་བསྟན་པས་དེ་ལྟར་བཤད།
         རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡེ་ཤེས་སྒྲོལ་དཀར་ནི་སྣེ་གདོང་རྫོང་ཀུན་བཟང་བྱ་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཧྲེ་ཀྲང་ཡིན། ཁོང་དང་བཟའ་ཟླ་ཀན་ཞུའེ་ཏུང་ནི་ཕྱུག་འགྱུར་དཔེ་མཚོན་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་དཔེ་བཟང་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད།
         ཡེ་ཤེས་སྒྲོལ་དཀར་གྱིས“ང་གཉིས་འཚར་ལོངས་ཡོང་སའི་ཁོར་ཡུག་གཅིག་པ་མིན་རུང་། ཁ་རྩོད་གཏན་ནས་ཤོར་མྱོང་མེད། ཁོང་གི་ཡུལ་སྲོལ་གོམས་གཤིས་ལ་ངས་བརྩི་བཀུར་བྱེད་ཀྱི་ཡོད་ལ་ང་ཚོའི་་ཡུལ་སྲོལ་གོམས་གཤིས་ལའང་ཁོང་གིས་བརྩི་བཀུར་བྱེད་ཀྱི་ཡོད”“ང་ཚོའི་དབར་རྒྱ་རིགས་དང་བོད་རིགས་ཀྱི་དབྱེ་བ་མེད་ཅིང་། ནམ་རྒྱུན་ཁྱིམ་དུ་ཁོང་གིས་ཇ་བསྲུབས་མ་འཐུང་བ་དང་རྩམ་པ་ཟ་གི་ཡོད་པས་འཚོ་བའི་ཐད་མི་མཐུན་པའི་ཆ་མེད་ལ་ངའི་ཨ་མས་ཀྱང་ཁོང་གཅེས་ཕྲུག་ལྟར་བརྩི་གི་ཡོད”ཅེས་གསུངས་ཤིང་། ཁྱོ་ཤུག་གཉིས་ཀྱི་འབད་བརྩོན་འོག་ཁོང་ཚོའི་བྱ་གཞག་ལའང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་མཆིས།
         དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་དངོས་ནང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འགྲིལ་བཅས་བྱེད་པ་ནི་བོད་ཀྱི་མི་རིགས་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་པ་དང་། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན”ཞེས་པ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད།
         མི་རིགས་མཐུན་སྒྲིལ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་སྒུལ་ཤུགས་ཧ་ཅང་ཆེན་པོ་དང་རྩ་བའི་འགན་ལེན་ཡིན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་ཏང་གི་མི་རིགས་སྲིད་ཇུས་ཀྱིས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་དང་འཕོ་འགྱུར་བྱུང་ཡོད། དཔལ་འབྱོར་དང་། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་ཚང་མར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཡོད།
         ད་ཆ་བོད་འདི་ཉིད་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་དེ་ག་དུས་ཡིན་རུང་ཚང་མ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་དང་ཁ་འབྲལ་ཐབས་མེད་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།