འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་པ་དེ་བོད་ཀྱི་སློབ་གསོའི་ཁ་གསབ་གལ་ཆེན་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་24ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2015ལོའི་ལོ་མཇུག་བར་པེ་ཅིང་དང་ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་21གི་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་ནང་སའི་བོད་ལྗོངས་འཛིན་གྲྭ་དང་ནང་སའི་འབྲིང་རིམ་ཆེད་ལས་འཛིན་གྲྭ་བཙུགས་ཡོད། ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་པ་དེ་བོད་ཀྱི་སློབ་གསོའི་ཁ་གསབ་གལ་ཆེན་ཞིག་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཡུལ་གྱི་རྟེན་གཞི་གལ་ཆེན་ཞིག དེང་རབས་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་བཅས་སུ་གྱུར་ཡོད།
         དུས་རབས་གོང་མའི་ལོ་རབས་80པར་བོད་ལྗོངས་སུ་ཤེས་ལྡན་མི་སྣ་དཀོན་པ་དང་སློབ་གསོའི་རྟེན་གཞི་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པའི་དོན་དངོས་ལ་གཞིགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སར་བོད་ལྗོངས་འཛིན་གྲྭ་(སློབ་གྲྭ)འཛུགས་རྒྱུའི་འཐབ་ཇུས་གལ་ཆེན་དེ་བཀོད་ཡོད། 1985ལོར་བོད་རིགས་གཙོ་བོར་བྱས་པའི་བོད་ལྗོངས་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་ཁག་དང་པོ་དེ་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་བཏང་ནས་བོད་ལྗོངས་ཀྱི་སློབ་གསོའི་རྣམ་པ་གསར་པ་དེ་བཏོད་ཡོད།
         ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་30ཡི་ནང་རིམ་རྩིས་ལྟར་ན། བོད་ལྗོངས་ལ་ཤེས་ལྡན་མི་སྣ་སྣ་ཚོགས་ཁྲི་3ལྷག་ཙམ་གསོ་སྐྱོང་བྱས་པ་དེས་བོད་ལྗོངས་ཀྱི་མི་འབོར་གྱི་1%ཙམ་བཟུང་ཡོད། ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་པ་ལས་ཕན་པ་ཐོབ་པའི་བོད་རིགས་སློབ་མ་དེ་དག་བོད་ལྗོངས་ཀྱི་ལས་རིགས་ཁག་དང་བྱ་གཞག་ཁག་འཛུགས་སྐྲུན་བྱེད་མཁན་རྐང་འཛིན་པར་གྱུར་ཡོད།
         བོད་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་གཞན་ཞིག་ཡིན་པའི་ངོས་ནས་སློབ་གསོའི་ཁ་གཏད་རོགས་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། 2015ལོར་བོད་ལྗོངས་ཀྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཡོད། མིག་སྔའི་བར་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཐོ་སློབ་ཁག་གིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་12ཡན་བཏང་ཡོད།
         2010ལོ་ནས་བཟུང་སློབ་གསོ་པུས་པེ་ཅིང་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན་སོགས་སློབ་ཆེན་ཁག་7ལས་གྲུབ་པའི་རོགས་སྐྱོར་རུ་ཁག་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། ལོ་5རོགས་སྐྱོར་བྱས་པ་བརྒྱུད་བོད་ལྗོངས་སློབ་ཆེན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག སྤྱི་ཚོགས་ཞབས་ཞུ། རིག་གནས་རྒྱུན་འཛིན་གྱི་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། པེ་ཅིང་སློབ་ཆེན་གྱིས་བོད་ལྗོངས་སློབ་ཆེན་ལ་ཀྲུང་གོའི་སྐད་ཡིག་དང་། མི་རིགས་རིག་པ། སྣོད་བཅུད་རིག་པ་བཅས་ཀྱི་འབུམ་རམས་པའི་སློབ་གནས་སྦྱོང་ཡུལ་3རག་ཐབས་བྱས་པ་དེས་གངས་ལྗོངས་ས་མཐོར་འབུམ་རམས་པའི་སློབ་གནས་སྦྱོང་ཡུལ་མེད་པའི་སྟོང་ཆ་བསྐངས་ཡོད།
         བོད་ལྗོངས་སློབ་གསོ་ཐིང་གི་འགན་ཁུར་བས་ནང་སའི་བོད་ལྗོངས་འཛིན་གྲྭ་(སློབ་གྲྭ)མུ་མཐུད་ཡག་པོ་གཉེར་བ་དང་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དེ་ནི་བོད་ལྗོངས་ཀྱི་2016ལོའི་སློབ་གསོའི་ལས་དོན་གྱི་གལ་ཆེའི་གྲས་ཤིག་ཡིན་པ་དང་། མིག་སྔར་བོད་ལྗོངས་ཀྱི་སློབ་མ་ཁྲི་2ཙམ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།