འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་དམག་ཁོངས་མིན་པའི་ལས་བཟོར་ཞབས་ཞུ་དང་དོ་དམ་བྱེད་སྟངས་
    ཚད་ལྡན་བཟོ་བའི་སྲིད་ཇུས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དམག་ཁོངས་མིན་པའི་ལས་བཟོ་བཀོད་སྒྲིག་འོས་འཚམ་དང་ཚེ་མཇུག་བདེ་སྐྱིད་ཡོང་བ་བྱས་ནས་དམག་དཔུང་གི་རྩིས་སྤྲོད་རྒྱུ་ཡིན་པའི་ལས་བཟོའི་སེམས་ཁྲལ་སེལ་ཆེད། དམངས་སྲིད་པུས་ཉེ་ཆར་《དམག་ཁོངས་མིན་པའི་དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོར་ཞབས་ཞུ་དང་དོ་དམ་གྱི་བྱ་ཐབས་》ཞེས་པ་དངོས་སུ་བཏོན་པ། དེ་2016ལོའི་ཟླ་2ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།
         དམག་ཁོངས་མིན་པའི་ལས་བཟོ་ཞེས་པ་ནི་སྲིད་གཞུང་ལ་བཀོད་སྒྲིག་བྱ་རྒྱུར་རྩིས་སྤྲད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་ཁོངས་མིན་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོར་ཟེར། བསྡོམས་རྩིས་ལྟར་ན། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱིས་དམག་ཁོངས་མིན་པའི་ལས་བཟོ་ཁྲི་18.6རྩིས་བླངས་ནས་བཀོད་སྒྲིག་བྱས་པ་དང་། རང་ཤུགས་སུ་མི་སྣ་ཉུང་འཕྲི་བྱས་པ་ཕུད། ད་དུང་ས་གནས་ཁག་ཏུ་དམག་ཁོངས་མིན་པའི་ལས་བཟོ་ཁྲི་13.9ཡོད། མིག་སྔར་དཔུང་སྡེར་རྩིས་སྤྲོད་རྒྱུ་ཡིན་པའི་ལས་འཁྱུར་ངལ་གསོ་བརྒྱབ་པ་དང་ལས་གནས་ཐོག་ཡོད་པའི་ལས་བཟོ་ཁྲི་6.3ཡོད། 《བྱ་ཐབས་》ནང་གི་གཏན་འབེབས་གཞིར་བཟུང་། དམག་ཁོངས་མིན་པའི་ལས་བཟོར་ཞབས་ཞུ་དང་དོ་དམ་བྱེད་པའི་ཐད་སྲིད་གཞུང་གིས་གཙོ་ཁྲིད་དང་དམངས་སྲིད་སྡེ་ཚན་གྱིས་གཙོ་གཉེར་བྱ་རྒྱུ་རེད། ས་ཁོངས་རྩ་དོན་གཞིར་བཟུང་། དམག་ཁོངས་མིན་པའི་ལས་བཟོ་བཀོད་སྒྲིག་བྱ་ཡུལ་གྱི་ཤང་གྲོང་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་། དམངས་སྲིད་སྡེ་ཚན་བཅས་དམིགས་འཛུགས་སྒྲིག་གཞི་ནི་དམག་ཁོངས་མིན་པའི་ལས་བཟོར་ཞབས་ཞུ་དང་དོ་དམ་གྱི་ཚན་པ་ཡིན་པ་དང་། དེ་དག་གིས་དམག་ཁོངས་མིན་པའི་ལས་བཟོར་ཞབས་ཞུ་དང་དོ་དམ་གྱི་ཞིབ་ཕྲའི་ལས་དོན་འགན་གྱི་འཁུར་རྒྱུ་རེད།
         དམག་ཁོངས་མིན་པའི་ལས་བཟོར་ཞབས་ཞུ་དང་དོ་དམ་ཡག་པོ་བྱེད་ཆེད་《བྱ་ཐབས་》ནང་། ཞབས་ཞུ་དོ་དམ་ཚན་པས་དམག་ཁོངས་མིན་པའི་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ་དམག་ཁོངས་མིན་པའི་ལས་བཟོའི་འཚོ་བའི་ཐོབ་ཐང་དོན་འཁྱོལ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེའི་ནང་དམག་ཁོངས་མིན་པའི་ལས་བཟོར་ལས་བྲལ་ལས་འཁྱུར་གྱི་གྲོན་དངུལ་དང་འཚོ་སྣོན་ཁ་གསབ་སྤྲོད་རྒྱུ་དང་། གཏན་འབེབས་གཞིར་བཟུང་། དམག་ཁོངས་མིན་པའི་ལས་བཟོའི་སྨན་བཅོས་ཐོབ་ཐང་གཞོགས་འདེགས་རྣམ་པའི་ཐོག་ནས་འགན་ལེན་བྱ་རྒྱུ། དམག་ཁོངས་མིན་པའི་ལས་བཟོའི་གནས་ཚུལ་དང་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་དགོས་ངེས་ཀྱི་སེམས་ཁུར་དང་ལྟ་རྟོག་བྱ་རྒྱུ། དམག་ཁོངས་མིན་པའི་ལས་བཟོའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་འབྲེལ་འགྲེལ་བཤད་ཀྱང་རྒྱག་རྒྱུ་སོགས་ཚུད་ཡོད་པ་རེད།
         《བྱ་ཐབས་》ནང་གི་གཏན་འབེབས་ལྟར་ན། ཞབས་ཞུ་དོ་དམ་ཚན་པས་དམག་ཁོངས་མིན་པའི་ལས་བཟོ་ཚོ་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སློབ་སྦྱོང་བྱ་རྒྱུ་ཡོད་པ། བྱས་རྗེས་འཇོག་རྒྱུ་ཡོད་པ། སྐྱིད་པོ་གཏོང་རྒྱུ་ཡོད་པ་བཅས་ཡོང་རྒྱུར་ཆ་རྐྱེན་གཏོད་དགོས་པ་དང་། དམག་ཁོངས་མིན་པའི་ལས་བཟོར་ཆེད་ལས་ཀྱི་དམིགས་བསལ་ཁྱད་ཡོན་འདོན་སྤེལ་གྱིས་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། དམག་ཁོངས་མིན་པའི་ལས་བཟོར་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤེལ་བའི་ལུས་སེམས་བདེ་ཐང་ལ་ཕན་པའི་རིག་རྩལ་བྱེད་སྒོའི་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།