འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱུགས་ར་ནས་མཆོད་ཁང་དུ་བསྐྱོད་པའི་བོད་ཀྱི་བུད་མེད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་15ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “དུས་རབས་ཕྱེད་ཀ་ལྷག་ཙམ་ནང་ཚུན་བོད་ཀྱི་བུད་མེད་ཚོ‘བཀྲ་མི་ཤིས་པ’ནས། བརྩི་བཀུར་བྱ་ཡུལ་དུ་གྱུར་ཏེ། ཕྱུགས་ར་ནས་མཆོད་ཁང་དུ་འཛུལ་ཡོད”ཅེས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་རུང་གིས་ལྷ་སར་དེ་ལྟར་བཤད།
         གཞུང་ཕྱོགས་ཀྱི་སྡོམ་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ལ་བུད་མེད་ཁྲི་153.21ཡོད་པ་དེ་དག་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་སྡོམ་གྲངས་ཀྱི་49.1%ཟིན་ཅིང་། འདི་ལོ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་དུས་རབས་ཕྱེད་ཀ་འཁོར་བའི་ལོ་འདིར། བོད་ཀྱི་མི་གྲངས་སྡོམ་འབོར་གྱི་ཕྱེད་ཀ་ཙམ་ཟིན་པའི་བུད་མེད་ཚོར་ཡང་ངོ་བོའི་འགྱུར་ལྡོག་བྱུང་ཡོད།
         “ཞིང་བྲན་ཚོས་བོད་རྙིང་པར་མནར་གཅོད་ག་ཚོད་མྱངས་པ་ཚང་མས་ཤེས་གསལ་ཡིན་པ་དང་། བུད་མེད་ཚོ་ནི་ཞིང་བྲན་ཁྲོད་ཀྱི་ཉིང་བྲན་རེད” དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་ལོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ཁྲིམས་གཞུང་ནང་མི་ལ་རིམ་པ་གསུམ་དང་དགུ་སོགས་སུ་དབྱེ་བའི་ཁྲོད་བུད་མེད་དང་། མགར་བ། ཤན་པ། སློང་མོ་བ་སོགས་མི་ཐ་ཤལ་ཡང་ཤལ་དུ་བརྩིས་ཤིང་། སྐབས་དེར་བུད་མེད་ཚོའི་སྲོག་རིན་ནི་རྩྭ་ཐག་གཅིག་རང་ཡིན་པ་དང་། ལས་ཀ་ལྕི་པོ་འདྲ་མཚུངས་བྱས་ཀྱང་། ལས་གླ་དང་རྒྱགས་ཕྱེ་སྐྱེས་པ་ཚོ་ལས་ཧ་ཅང་ཉུང་བ་ཡོད་ཅེས་ཀྲང་ལི་རུང་གིས་བཤད།
         ཆོས་ལུགས་དད་མོས་ཁྲོད་བུད་མེད་ཚོར་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་དེ། ཁོང་ཚོ་མི་གཙང་བའམ་བཀྲ་མི་ཤིས་པར་བརྩིས་ནས་དགོན་པ་མང་པོའི་འདུ་ཁང་སོགས་སུ་འཛུལ་མི་ཆོག་པ་མ་ཟད། མིང་ནས་ཀྱང“སྐྱེ་དམན”ཞེས་འབོད་ཀྱི་ཡོད།
         དམངས་གཙོའི་བཅོས་སྒྱུར་ཀྱིས་བོད་ཀྱི་བུད་མེད་ཚོའི་ལས་དབང་ལ་སྒྱུར་བ་མཐར་ཕྱིན་བཏང་ཡོད། ཀྲང་ལི་རུང་གིས་ངོ་སྤྲོད་བྱས་པ་ལྟར་ན། དམངས་གཙོའི་བཅོས་སྒྱུར་བྱེད་པའི་ཐོག་མའི་དུས་ཀྱི་ཡིག་རྨོངས་སེལ་བའི་ལས་འགུལ་སྤེལ་བ་ནས། བུད་མེད་ཚོར་སྤྱི་པའི་ལས་དོན་དོ་དམ་ལ་ཞུགས་ནས་མི་སྒེར་གྱི་རིན་ཐང་མངོན་རྒྱུའི་འབོད་སྐུལ་བྱས་པའི་བར་གྱི་ལོ་50ཡི་རིང་། བོད་ཀྱི་བུད་མེད་ཚོ་ལོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ལམ་ལུགས་རྙིང་པས་བཟོས་པའི་བསམ་པའི་འཆིང་སྒྲོག་ལས་རིམ་བཞིན་ཐར་བ་རེད།
         “བུད་མེད་གཞས་མ་དང་པོ་ཚེ་བརྟན་སྒྲོལ་མ་དང་། ཇོ་རིའི་བྱང་འདབས་ནས་རི་རྩེར་འཛེག་མཁན་བུད་མེད་དང་པོ་ཕན་ཐོགས། བུད་མེད་འབུམ་རམས་པ་དང་པོ་སྒྲོལ་དཀར། བུད་མེད་ཁྲིམས་རྩོད་པ་དང་པོ་གཡང་འཛོམས། འཛམ་གླིང་རིམ་པའི་སྦེ་ག་འགྲན་བསྡུར་གྱི་ཨང་དང་པོ་ཤི་ལོག་སྒྲོལ་མ་སོགས་ཀྱིས་མཚོན་པའི་བོད་ཀྱི་བུད་མེད་ཚོས། རང་དབང་གི་ཁོར་ཡུག་ཁྲོད་སོ་སོའི་རིན་ཐང་མངོན་འགྱུར་བྱེད་ཀྱི་ཡོད” ད་ཆ་བོད་ཀྱི་ལས་རིགས་ཁག་གི་ཁྲོད་བུད་མེད་ཕུལ་དུ་བྱུང་བ་མང་པོ་ཡོད། བོད་ཀྱི་བུད་མེད་ལས་ཞུགས་མི་སྣས་ལས་ཞུགས་མི་སྣ་ཡོངས་ཀྱི་46%ཟིན་ཡོད། “མིག་སྔར་ང་ཚོས་བུད་མེད་ཀྱི་གྲངས་ཉུང་དངུལ་བུན་རྣམ་གྲངས་བཀོད་སྒྲིག་བྱས་ནས། བུད་མེད་ཚོར་ལས་གཏོད་ཀྱི་བསྔགས་སྐུལ་བྱེད་ཀྱི་ཡོད”ཅེས་ཀྲང་ལི་རུང་གིས་བཤད།
         དཔེ་མཚོའི་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་ནི་བོད་ཀྱི་བུད་མེད་སྔར་བས་མང་པོ་ཞིག་ཆབ་སྲིད་ཀྱི་གར་སྟེགས་སུ་འཛེགས་པ་དེ་རེད། “བོད་རྙིང་པའི་ཁྲིམས་གཞུང་ནང‘བུད་མེད་དང་རྒྱལ་དོན་སྐོར་གླེང་མོལ་བྱེད་མི་རུང’ཞེས་པ་དང‘བྲན་གཡོག་དང་བུད་མེད་དམག་སྲིད་ལས་དོན་ལ་ཞུགས་མི་ཆོག་པ’སོགས་གཏན་འབེབས་ཁ་གསལ་བྱས་ཡོད། ད་ཆ་བུད་མེད་ལས་བྱེད་པ་དང་། བུད་མེད་འཐུས་མི། བུད་མེད་ཨུ་ཡོན་བཅས་མང་པོ་ཞིག་བོད་དང་ཐ་ན་རྒྱལ་ཁབ་ཀྱི་ཆབ་སྲིད་གར་སྟེགས་སུ་འཛེགས་ཡོད”
         གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་གཞུང་ཞབས་པས་གཞུང་ཞབས་པའི་སྡོམ་འབོར་གྱི་33.8%དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་བུད་མེད་འཐུས་མིས་23.2% བུད་མེད་སྲིད་གྲོས་ཨུ་ཡོན་གྱིས་21.2%བཅས་སོ་སོར་བཟུང་ཡོད་པ་རེད།
         “འདི་དག་ཚང་མ་སློབ་གསོར་བརྟེན་ནས་བྱུང་བ་རེད” སློབ་གསོར་བརྟེན་ནས་དུས་ཐུང་ལོ་50ཡི་ནང་། བོད་ཀྱི་བུད་མེད་ཚོའི་བསམ་པའི་ཉམས་འགྱུར་སྒྱུར་བཀོད་བྱས་ཁར། ཁོང་ཚོར་རང་རྐྱ་འཕེར་བའི་མིའི་ཐོབ་ཐང་སྤྲད་པ་རེད། “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བུད་མེད་90%ཡན་ཚང་མ་ཡིག་རྨོངས་བ་རེད་ལ། ད་ཆ་བོད་ཀྱི་སློབ་ལོ་ལོན་པའི་བུ་མོ་སློབ་གྲྭར་ཞུགས་ཚད་99%ཡན་ཟིན་ཡོད”ཅེས་ཀྲང་ལི་རུང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།