འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་རྩེ་རྫོང་གིས་གྲངས་གཞི་ཆེན་པོར་བརྟེན་ནས་གངས་ལྗོངས་ས་མཐོའི་
    རིག་ལྡན་གྲོང་ཁྱེར་བཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་15ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་གངས་ལྗོངས་ས་མཐོར་ད་ཆ་གྲངས་གཞི་ཆེན་པོར་བརྟེན་ནས་བཏོད་པའི་རིག་ལྡན་གྲོང་ཁྱེར་ཞིག་ཡོད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བདུན་པའི་ཚོགས་ཆུང་གིས“རིག་ལྡན་ལྷ་རྩེའི”རྣམ་གྲངས་སྤེལ་འགོ་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ས་གནས་དེ་གའི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ལ་གསར་གཏོད་ཆེན་པོ་བྱུང་ཡོད།
          ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ལྷ་རྩེ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅེ་སུང་གིས་བལྟས་ན། “གྲངས་གཞི་ཆེན་པོ”ཟེར་བ་ནི་དར་སྲོལ་ཆེ་བའི་ནང་དོན་ཙམ་མིན་པར། དེ་ནི་བྱ་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ཆོག་པའི་ནུས་ལྡན་ལག་ཆ་ཞིག་རེད། “གྲངས་གཞི་ཆེན་པོའི་དུས་རབས་ནང་གཞན་དབང་དང་ལེན་བྱེད་པ་ལས་རང་འགུལ་ངང་བེད་སྤྱོད་བྱས་ན་ལེགས”ཞེས་པའི་བསམ་ཕྱོགས་དེ་ལྟ་བུའི་ཁྲིད་སྟོན་འོག“རིག་ལྡན་ལྷ་རྩེའི”རྣམ་གྲངས་རང་བཞིན་དུ་ཐོན་པ་རེད།
          “རིག་ལྡན་ལྷ་རྩེ”ཞེས་པའི་རྣམ་གྲངས་དེ་ཧྲང་ཧའེ་ཡིས་མ་དངུལ་སྒོར་ཁྲི་700བཏང་ནས་སྐྲུན་རོགས་བྱས་པ་ཞིག་ཡིན་པ་དང་། དེ་ནི་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས། རྫོང་རིམ་པའི་སྲིད་གཞུང་གི་སྤྱི་ཚོགས་ཕྱོགས་བསྡུས་དོ་དམ་ལ་ཞབས་འདེགས་ཞུ་བའི་གཞི་གཅིག་ཅན་གྱི་ཐག་གཅོད་ཇུས་གཞི་ཞིག་རེད། རྣམ་གྲངས་དེར་གྲོས་འཆམ་བྱུང་བས་ལྷ་རྩེ་རྫོང་ཁོངས་ཀྱི་མི་སྣའི་སྤྱི་ཚོགས་ཀྱི་བྱེད་སྒོ་དང་སྤྱི་ཚོགས་ཀྱི་འབྲེལ་བའི་གྲངས་གཞི་འཚོལ་བསྡུ་ཐུབ་ནས། སྤྱི་ཚོགས་དོ་དམ་རྨང་གཞིའི་གྲངས་གཞིའི་མཛོད་ཅིག་ཆགས་པ་དང་། གྲངས་གཞིའི་མཛོད་ཀྱི་དོ་དམ་སྟེགས་བུར་བརྟེན་པ་བརྒྱུད། སྲིད་གཞུང་གི་ཇུས་གཞི་གྲངས་གཞི་ཅན་དང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རང་གཤིས་ཅན། སྲིད་གཞུང་གི་ལས་དོན་གོ་རིམ་ཅན་བཅས་མངོན་འགྱུར་བྱུང་ཡོད།
          “རིག་ལྡན་ལྷ་རྩེའི”རྣམ་གྲངས་ཀྱི་སྲོག་ཤིང་ནི“དངོས་ཡོད་ཆེན་པོ་བཞིའི”གྲངས་གཞིའི་མཛོད་ཡིན་པ་སྟེ། དངོས་ཡོད་མི་འབོར་དང་། དངོས་ཡོད་ཁང་པ། དངོས་ཡོད་སྡེ་ཚན། དངོས་ཡོད་རྩ་འཛུགས་བཅས་རེད། ཀྲང་ཅེ་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྫོང་ཡོངས་ཀྱི་མི་འབོར་ཁྲི་5.6ལྷག་ཙམ་གྱི་གྲངས་གཞི་ཚང་མ་ཕབ་འཇུག་ཟིན་ཡོད། ལྷ་རྩེ་རྫོང་གི་གྲོང་མི་རེ་རེའི་ཕབ་འཇུག་བྱས་པའི་ཆ་འཕྲིན་ཡིག་དུམ་138ཟིན་པ་དང་། གྲངས་གཞིའི་མཛོད་ཆེན་པོ་འདི་ལྟ་བུ་མཐོང་དཀོན་པོ་ཡིན་གཤིས། འདི་དངོས་གནས“གྲངས་གཞི་ཆེན་པོ”ཞིག་རེད།
          གྲངས་གཞིའི་མཛོད་ཧ་ཅང་ཆེན་པོ་དེ་ལ་བརྟེན་ནས། སྲིད་གཞུང་གི་ལས་བྱེད་མི་སྣས་བཀོལ་སྤྱོད་སྟབས་བདེ་ཞིག་བྱས་ནས་རྫོང་ཡོངས་ཀྱི་གྲོང་མིར་དོ་དམ་གནད་ལ་འཁེལ་བ་བྱེད་ཐུབ་ཀྱི་ཡོད། ཀྲང་ཅེ་སུང་གིས། “རྒྱལ་ཁབ་ཀྱི་ཁ་གསབ་སྤྲོད་པའི་སྲིད་ཇུས་མང་པོ་ཡོད། འོན་ཀྱང་སྔོན་ཆད་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་དུ་ཆད་ལུས་ཤོར་བའམ་ཡང་ན་ཁ་གསབ་བསྐྱར་ཟློས་སྤྲོད་པའི་གནས་ཚུལ་ཐོན་གྱི་ཡོད། ད་ལྟ་ང་ཚོས་མ་ལག་འདི་བརྒྱུད། སྲིད་ཇུས་ནང་དོན་གྱི་དོན་ཚན་དང་ཚད་གཞི་ཁག་གཅིག་ལེགས་སྒྲིག་བྱས་པ་དང་། རྫོང་ནང་ཁུལ་གྱི་གྲོང་མི་ཚང་མའི་ཆ་འཕྲིན་ལ་བལྟས་ན། མི་གང་དག་ལ་ཁ་གསབ་རོགས་དངུལ་ལོངས་སྤྱོད་ཆོག་པ་ཧ་ཅང་གསལ་པོ་ཤེས་ནས། རྣག་ཐོག་བཙག་འཁེལ་གྱི་ཕན་འབྲས་ཐོན་ཡོད”ཅེས་དཔེ་བཞག་ནས་བཤད།
          བྱ་བར་དོ་དམ་བྱེད་པའི་མ་ལག་ནི“རིག་ལྡན་ལྷ་རྩེའི”བཀྲག་མདངས་འཚེར་ས་ཞིག་ཀྱང་རེད། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཚང་མ་མ་ལག་འདིའི་ནང་བསྐུར་རྗེས། དེར་བསྟུན་གྱི་སྡེ་ཚན་ནམ་ཡང་ན་ཤང་དང་གྲོང་རྡལ་ལ་ཐག་གཅོད་བྱ་རྒྱུར་སྤྲོད་པ་མ་ཟད། ཁག་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཞིབ་བཤེར་གཏན་འབེབས་བྱེད་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོའི་ཁྲོད། ལྷུ་ཚིགས་རེ་རེ་བཞིན་ཚང་མར་དུས་ཚད་དང་རིམ་པ་ཕྱེ་ནས་དྲན་སྐུལ་བྱེད་ཀྱི་ཡོད་པར་བརྟེན། རྫོང་སྲིད་གཞུང་གིས་དོན་རྐྱེན་ཐག་གཅོད་བྱེད་པའི་མྱུར་ཚད་ཁོང་དུ་ཏན་ཏིག་ཆུད་ཐུབ་པ་བྱས་པས། ལས་ཀའི་གོ་རིམ་ཅན་མངོན་འགྱུར་བྱུང་བ་དང་སྲིད་གཞུང་གི་བྱ་བ་སྒྲུབ་པའི་ལས་ཕྱོད་མཐོ་རུ་སོང་ཡོད།
          “རིག་ལྡན་ལྷ་རྩེའི”རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ནས་ལོ་གཅིག་དང་ལོ་ཕྱེད་སོང་རིང་། གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཅིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་མང་པོ་ཞིག་ཏུ་ཁྱབ་སྤེལ་བཏང་ཡོད། ཀྲང་ཅེ་སུང་གིས“རིག་ལྡན་གྲོང་ཁྱེར་གྱི་གོ་དོན་དེ་ད་ཆ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། བོད་དུ་རིག་ལྡན་གྲོང་ཁྱེར་བསྐྲུན་རྒྱུ་འཚོལ་ཞིབ་བྱེད་པ་དེ་ནི་དོན་སྙིང་ཧ་ཅང་ལྡན་པ་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།