འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས“མཁོ་ཆས་ཆ་ཚང་དགུ”སྤྲད་ནས་འབྲོག་པའི་འཚོ་བ་ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་26ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་སྦྲ་གུར་དཔེ་གསར་དང་སྦྲ་གུར་ནང་གི“མཁོ་ཆས་ཆ་ཚང་དགུ”སྤྲད་པས། འཚོ་བ་སྔར་བས་སྟབས་བདེ་ལ་དེང་རབས་ཅན་དུ་གྱུར།
         རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་མདོ་ཚ་གྲོང་ཚོ་ནས་བསོད་ནམས་རྡོ་རྗེ་འཕྲད་སྐབས། ཁོང་དང་ཁོང་གི་ནང་མི་ནང་ལས་ལ་བྲེལ་བཞིན་འདུག རྩྭ་རའི་ཐོག་གི་སྦྲ་གུར་དཀར་པོ་དེ་ནི་ཁོང་ཚོ་ཕྱུགས་འཚོ་སྐབས་ཀྱི་ཉལ་ས་སྡོད་ས་རེད་འདུག སྦྲ་གུར་ནང་ལྟེབ་བརྩེགས་རྒྱག་ཆོག་པའི་ཉལ་ཁྲི་གཉིས་སྒྲིག་འདུག་ལ། ལྕགས་ཐབ་ཐོག་ཆུ་སྐོལ་བཞིན་མཆིས། འཁྱེར་སྟབས་བདེ་བའི་སྲུང་སྐར་བརྙན་འཕྲིན་ནང་བོད་སྐད་ལེ་ཚན་སྟོན་བཞིན་འདུག ད་དུང་སྦྲ་གུར་ཕྱིར་སྲུང་སྐར་གྱི་བརྡ་རྟགས་བསྡུ་ལེན་ཡོ་བྱད་དང་ཉི་ནུས་གློག་རྫས་ལེབ་མོ་སྒྲིག་འདུག
         ལོ་54ལ་སླེབས་པའི་བསོད་ནམས་རྡོ་རྗེ་ནི་མདོ་ཚ་གྲོང་ཚོའི་འབྲོག་པ་ཞིག་ཡིན་པ་དང་། ཁོང་ཁྱིམ་དུ་གསོ་ཚགས་བྱས་པའི་ལུག་300ལྷག་ཙམ་ནི་ནང་མི་བདུན་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་རེད། མིག་སྔར་རྩྭ་ཆུ་བཟང་བས་ཁོང་གིས་ལོ་ན་རྒས་པའི་ཨ་མ་དང་བུ་མོ་སྡོད་ཁང་གསར་པའི་ནང་བཞག་སྟེ་བུ་ཁྲིད་ནས་ཐག་རིང་གི་འབྲོག་རར་ཕྱུགས་འཚོ་བར་བསྐྱོད།
         བསོད་ནམས་རྡོ་རྗེས་སྦྲ་གུར་དེར་དངུལ་སྐར་མ་གཅིག་ཀྱང་གཏོང་དགོས་མ་བྱུང་། དེ་ནི་སྲིད་གཞུང་གིས་སྤྲད་བྱུང་། སྦྲ་གུར་དེར་ཆར་ཆུ་འགོག་ཐུབ་པ་དང་། ཚ་བ་འགོག་ཐུབ་པ། དྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལྷག་དོན་དུ་ལྕགས་ཀྱི་ཉལ་ཁྲི་ཡོད་པས་དགོང་མོ་གཉིད་ཉལ་སྐབས་དྲོ་པོ་འདུག་ལ་རུས་ཚིགས་ཀྱང་དེ་སྔོན་ལྟར་ན་ཡི་མི་འདུག་ཅེས་ཤོད་ཀྱི་འདུག
         བསོད་ནམས་རྡོ་རྗེས་བརྗོད་པའི“རུ་བ་སྐྱས་སྤོའི་ཡོ་བྱད་གསར་པ”དེ་དག་ནི་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཆེད་མངགས་འབྲོག་པར་བཟོས་པའི་འཚོ་བའི་མཁོ་ཆས་ཆ་ཚང་ཞིག་རེད། སྦྲ་གུར་གསར་པ་ཕུད་ཉི་གློག་གི་སྒྲིག་ཆས་དང་། ལྕགས་ཐབ། ལྟེབ་བརྩེགས་རྒྱག་ཆོག་པའི་ཉལ་ཁྲི ཞོ་དཀྲོག་ཆས། ཕྱུར་བ་སྐམ་ས། རྐུབ་སྟེགས། ནུས་མང་མཉམ་སྡེབ་ཀྱི་བང་ཁྲི། ནུས་མང་མཉམ་སྡེབ་སྒྲོག་རྩེ། ཆུ་ལེན་ཡོ་བྱད་བཅས་འཚོ་བའི་མཁོ་ཆས་དགུ་སྤྲད་པ་རེད།
         ཅ་དངོས་དེ་དག་སྤྱིར་བཏང་ཞིག་ཡིན་ནའང་དེང་རབས་ཀྱི་ཚན་རྩལ་གྲུབ་འབྲས་མང་པོ་འདུས་ཡོད།
         སྦྲ་གུར་གསར་པ་དང“མཁོ་ཆས་ཆ་ཚང་དགུ”ནི་སི་ཁྲོན་གྱིས་བོད་རིགས་ས་ཁུལ་གྱི་དམངས་འཚོ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་དམངས་ཕན་འདུ་འགོད་ལག་ལེན་བསྟར་བའི་ནང་དོན་ཞིག་རེད། ལོ་འགའི་གོང་དུ་སི་ཁྲོན་བོད་རིགས་ས་ཁུལ་དུ་འབྲོག་པ་ཁྲི་50ཙམ་གཞིས་ཆགས་མེད་པའམ་ཡང་ན་སྟབས་བདེའི་སྡོད་ཁང་ལས་མེད། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། སི་ཁྲོན་གྱིས་2009ལོ་ནས་བཟུང“འབྲོག་པ་གཞིས་ཆགས་ཀྱི་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་ནང་གི་འཚོ་བ་གསར་པའི་བྱ་སྤྱོད”ལག་ལེན་བསྟར་འགོ་ཚུགས་པ་རེད།
         སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་རིགས་ས་ཁུལ་ལས་དོན་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ལིའུ་ཀྲེ་ཡུང་གིས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་འབྲོག་པར་ཁྱོན་སྦྲ་གུར་དཔེ་གསར་ཁྲི་10དང“མཁོ་ཆས་ཆ་ཚང་དགུ”ཁྲི་90སྤྲད་པ་དང་འབྲོག་ཁུལ་རྫོང་29ལ་སྡོད་ཁང་1409བསྐྲུན་པ་དང་སྲིད་གཞུང་གིས་གཞིས་ཆགས་ཁུལ་དུ་སློབ་གསོ་དང་འཕྲོད་བསྟེན་སོགས་ལྷན་སྦྱར་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་པ་དེས་བོད་རིགས་ས་ཁུལ་འབྲོག་ཁུལ་གྱི་འབྲོག་པ་ཁྲི་50ཡི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཚང་མར་གཏན་འཇགས་སྡོད་ཁང་ཡོད་པ་དང་དུད་ཚང་རེར་སྦྲ་གུར་གསར་པ་ཡོད་པ་མངོན་འགྱུར་བྱུང་བ་རེད།
         “སྦྲ་གུར་གསར་པའི་འཚོ་བ”ལས་འབྲོག་པའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད་ཁོང་ཚོ“རུ་བ་སྐྱས་སྤོ”ནས“འབྲོག་པ་ཚོང་པ”ཞིག་ཏུ་རིམ་གྱིས་འགྱུར་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།