འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོང་བས་མཐོ་རིམ་སློབ་གསོ་དང་ལེན་བྱ་རྒྱུ་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་མཐོ་རྒྱུགས་ནང་རྒྱལ་ཁབ་ཀྱིས་ཡིག་ཆ་སྤེལ་ནས་རིམ་ཁག་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞིས་རྒྱུགས་སྤྲོད་སློབ་མ་ལོང་བར་ལོང་ཡིག་གམ་ཡང་ན་ཡི་གེ་ཆེ་བའི་རྒྱུགས་ཤོག་ཅིག་བཟོ་དགོས་པའི་བླང་བྱ་བཏོན་པ་དེ་ནི་རང་རྒྱལ་གྱི་ཡིག་རྒྱུགས་ལམ་ལུགས་ཁྲོད་ཀྱི་ཚད་བརྒལ་གལ་ཆེན་ཞིག་རེད།
    རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས་ནང་རིགས་ཁག་གི་ཡིག་རྒྱུགས་ནང་ཞུགས་རྒྱུའི་ལོང་བའི་དབང་ཆ་འགན་ལེན་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། འོན་ཀྱང་2014ལོའི་གོང་མཐོ་རྒྱུགས་ནང་ཞུགས་འདོད་པའི་ལོང་བ་རྣམས་ཡིག་རྒྱུགས་སྒྲིག་གཞིས“ལོང་ཡིག་གི་རྒྱུགས་ཤོག་མེད་པར”ཁ་གཡར་ནས་བཞུགས་སུ་བཅུག་མེད། ན་ནིང་ཧོ་ནན་གྱི་རྒྱུགས་སྤྲོད་སློབ་མ་ལོང་བ་ལི་ཅིན་ཧྲེང་གིས་བདེན་པ་མཐའ་སྐྱེལ་བྱས་མཐར་ལོང་ཡིག་གི་རྒྱུགས་ཤོག་སྤྱོད་ཐུབ་པ་བྱུང་ཡོད།
         འདི་ལོ་སློབ་གསོ་པུའུ་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་《དབང་པོ་སྐྱོན་ཅན་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནང་ཞུགས་པའི་དོ་དམ་འཆར་འགོད་(གནས་སྐབས་ལག་བསྟར)》གཤམ་སྤེལ་བྱས་པ་དང་སྦྲགས་འབྱུང་འགྱུར་ལོང་བ་རྣམས་མཐོ་རྒྱུགས་ནང་ཞུགས་རྒྱུ་དེ་རྒྱུན་གཏན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
         དེ་གོང་ལོང་བའི་མཐོ་རིམ་སློབ་གསོའི་ཐད་རང་རྒྱལ་གྱིས་གཙོ་བོ་ཁེར་བསྡུ་ཁེར་རྒྱུགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་མ་བསྡུས་སྟབས་མཐོ་རིམ་སློབ་གླིང་དང་སློབ་གྲྭ་ཁག་གཅིག་གི་དམིགས་བསལ་སློབ་གསོའི་ཚན་ཁག་ཏུ་སློབ་མ་སློབ་སྦྱོང་བྱེད་པར་སླེབས་ཡོད། འོན་ཀྱང་སློབ་གྲྭ་དེ་རིགས་ཉུང་ཁར་པེ་ཅིང་དང་། ཧྲང་ཧའེ། ཁྲང་ཁྲུན་སོགས་གྲོང་ཁྱེར་ཁ་ཤས་ལ་མ་གཏོགས་ཁྱབ་མེད་པ་མ་ཟད། འཕུར་མཉེད་དང་རོལ་དབྱངས་སོགས་ཀྱི་ཆེད་ལས་ལས་མེད་སྟབས་ལོང་བས་གདམ་ག་བྱ་ཡུལ་ཧ་ཅང་ཉུང་ཉུང་ཡིན་པ་རེད།
         ལོང་བ་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་ཐུབ་པ་དེ་ནི་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ཤིག་ཡིན་པས་སློབ་གསོ་དང་ལེན་བྱེད་པའི་ལོང་བའི་དབང་ཆ་འགན་ལེན་བྱས་མོད། འོན་ཀྱང་དེ་ནི་འགོ་བཙུགས་པ་ཙམ་ཞིག་ཡིན། རྒྱུགས་སྤྲོད་སློབ་མ་ལོང་བ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་པ་དང་འདྲ་བར་གལ་སྲིད་སློབ་ཆེན་ནང་རྒྱུགས་འཕྲོད་རུང་མཐོ་སློབ་ཀྱིས་ཁོང་ཚོ་བསྡུ་སྲིད་དམ། མཐོ་སློབ་ཀྱིས་ཁོང་ཚོར་ཆེད་དམིགས་ཀྱི་ལོང་ཡིག་སློབ་གཞི་དང་དེ་མཚུངས་ཀྱི་དགེ་རྒན་མཁོ་འདོན་བྱེད་སྲིད་དམ།
    ལོང་ཡིག་རྒྱུགས་ཤོག་མཁོ་འདོན་བྱ་རྒྱུ་དེ་ནི་ལོང་བའི་མཐོ་རིམ་སློབ་གསོ་དཀྱུས་མའི་གོམ་པ་དང་པོ་སྤོ་འགོ་ཚུགས་མོད། འོན་ཀྱང་ལོང་བ་སློབ་གྲྭར་ཚུད་རྗེས་དེར་མཁོ་བའི་ཞབས་ཞུའི་ཐད་འགྲན་སློང་དེ་བས་ཆེ་བ་འཕྲད་ཡོད། མིག་སྔར་མཐོ་རིམ་སློབ་གསོ་དཀྱུས་མར་ལོང་ཡིག་སློབ་གཞི་མེད་པ་དང་། ཇི་ལྟར་བྱས་ནས་སློབ་ཁྲིད་བྱ་རྒྱུའི་ཐད་ཉམས་མྱོང་མེད་པ། སློབ་མ་ལོང་བ་དང་ལེན་བྱེད་མིན་དེ་ཡང་བརྗོད་པར་དཀའ་བ་ཞིག་རེད།
         ལོང་བ་མཐོ་རྒྱུགས་ནང་ཞུགས་རྒྱུ་འགན་སྲུང་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ལོང་བས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་འབྲེལ་ཡོད་བྱེད་ཐབས་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས། དེ་ལྟར་མ་བྱས་ཚེ། ལོང་བ་མཐོ་རྒྱུགས་ནང་ཞུགས་པའི་དོན་སྙིང་མེད་པར་གྱུར་སྲིད། སླད་ཕྱིན་གྱི་ལས་དོན་དེ་བས་རྙོག་འཛིང་ཆེ་བ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད།
         དབྱེ་ཞིབ་མི་སྣས“ལོང་ཡིག་རྒྱུགས་ཤོག་མཁོ་འདོན་བྱེད་པ་དང་འདྲ་བར་གཙོ་བོ་དཀའ་ལས་ལ་ཐུག་མེད་པར་འབྲེལ་ཡོད་སྡེ་ཚན་གྱིས་སྣང་ཆེན་བྱེད་མིན་དང་ཁོང་ཚོར་སྟབས་བདེ་བསྐྲུན་འདོད་ཡོད་མིན་ལ་ཐུག་ཡོད། རྒྱལ་ཁབ་མང་པོ་ཞིག་ཏུ་ལོང་བས་མཐོ་རིམ་སློབ་གསོ་དཀྱུས་མ་དང་ལེན་བྱེད་པ་ནི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།