འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་རི་གཉིས་ཀྱིས་པེ་ཅིང་དུ་ནོར་སྲིད་པུའུ་ཀྲང་གི་གླེང་མོལ་ཚོགས་འདུ་ཐེངས་ལྔ་པ་
    བསྐྱར་དུ་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།  དེ་སྔོན་འཆར་གཞི་བྱས་ན་2013ལོར་འཚོག་རྒྱུའི་ཀྲུང་རི་དབར་གྱི་ནོར་སྲིད་པུའུ་ཀྲང་གི་གླེང་མོལ་ཚོགས་འདུ་ཐེངས་ལྔ་པ་ཟླ་6ཚེས་6ཉིན་གྱི་སྔ་དྲོ་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བསྐྱར་དུ་ཚོགས་འགོ་ཚུགས་ཤིང་། ཀྲུང་གོའི་ནོར་སྲིད་པུའི་པུའུ་ཀྲང་ལོའུ་ཅི་ཝུའེ་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་དོན་བློན་ཆེན་གཅིག་ལྕོགས་ཡིན་པའི་མཱ་ཧྲེང་ཐའེ་ལང་གཉིས་ཀྱིས་གླེང་མོལ་ཚོགས་འདུ་ཐུན་མོང་ཐོག་གཙོ་གཉེར་གནང་བ་རེད། ཕྱི་ཕྱོགས་ཀྱིས་ད་རེས་ཀྱི་གླེང་མོལ་ཚོགས་འདུ་དེ་ཀྲུང་རི་དབར་གྱི་འབྲེལ་བ་ལེགས་སུ་འགྲོ་འགོ་ཚུགས་པའི་མཚོན་ཚུལ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ད་རེས་ཀྱི་གླེང་མོལ་ཚོགས་འདུར་ལོའུ་ཅི་ཝུའེ་དང་མཱ་ཧྲེང་ཐའེ་ལང་སོ་སོས་རིམ་པ་མཐོ་བའི་ནོར་སྲིད་དཔོན་རིགས་ཀྱི་སྣེ་འཁྲིད་ནས་ཞུགས་པ་དང་ཁོང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་འོག་གི་ཀྲུང་རིའི་དཔལ་འབྱོར་དང་། ཀྲུང་རི་ཕྱོགས་གཉིས་ཀྱི་ནོར་སྲིད་མཉམ་ལས། དེ་བཞིན་ཀྲུང་རིའི་རྒྱལ་སྤྱིའི་མཉམ་ལས་བཅས་གླེང་གཞི་ཆེན་པོ་གསུམ་ལ་དམིགས་ཏེ་གྲོས་མོལ་བྱ་རྒྱུ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ལོའུ་ཅི་ཝུའེ་ཡིས་གྲོས་འགོ་གསུམ་བཏོན་གནང་བ་རེད། ཁོང་གིས་ཀྲུང་རི་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པ་དང་གསུམ་པ་ཡིན། རང་རང་སོ་སོའི་དཔལ་འབྱོར་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བ་བྱ་རྒྱུ་དེ་ཕྱོགས་གཉིས་པོ་དང་ཐ་ན་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་པོས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལོའུ་ཅི་ཝུའེ་ཡིས་ཀྲུང་རི་ཕྱོགས་གཉིས་པོས་དངོས་སྒྲུབ་དང་སྒོ་དབྱེའི་རྣམ་པའི་ཐོག་ནས་ཕྱོགས་གཉིས་པོའི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་རི་རྒྱལ་ཁབ་གཉིས་པོ་ནི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ་ཞིག་ཏུའང་གནས་པར་བརྟེན་ཐོན་ལས་དང་། མི་ཤུགས། རིག་སྟོབས་ཐོན་ཁུངས་བཅས་ཚང་མའི་ཐད་ལེགས་ཆ་གསབ་རེས་བྱེད་དགོས་པ་དང་མཉམ་ལས་ཀྱི་ཆ་རྐྱེན་ཡག་པོ་ཡོད། རྒྱལ་ཁབ་གཉིས་པོའི་ནོར་སྲིད་པུས་དཔལ་འབྱོར་མཉམ་ལས་ཀྱི་སྒུལ་བྱེད་འཕྲུལ་འཁོར་དང་འཇམ་འདྲེད་འཕྲུལ་སྣུམ་ལྟ་བུ་ཞིག་བྱས་ཏེ་ནོར་སྲིད་སྔོན་རྩིས་དང་། སྤྱི་ཚོགས་འགན་ལེན། ན་རྒས་ཅན། རྒྱལ་མཛོད། དཔྱ་ཁྲལ། སྤྱི་པའི་བུ་ལོན་དོ་དམ་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་རིའི་འཐབ་ཇུས་ཀྱི་གསབ་རེས་གཉིས་ཕན་གྱི་འབྲེལ་བ་གོང་དུ་སྤེལ་ཕྱིར་གསོན་ཤུགས་གསར་པ་སྦྱིན་དགོས་ཞེས་བསྟན་གནང་བ་རེད།
         ལོའུ་ཅི་ཝུའེ་ཡིས་ད་དུང་ཕྱོགས་གཉིས་པོས་ཧུར་བརྩོན་ཆེན་པོ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད། ཁོང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་དང་ཨེ་ཤེ་ཡའི་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་ཡིན་པའི་ཀྲུང་རི་གཉིས་ཀྱིས་མཐའ་འཁོར་དང་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་སྟངས་ལེགས་སུ་གཏོང་རྒྱུའི་ཐད་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་བྱེད་དགོས། ཀྲུང་རི་ཡིས་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་། ཆིང་མའེ་གྲོས་གཞིའི་ཕྱོགས་མང་ལམ་སྲོལ། “10+3”སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གཞུང་ལས་ཁང་སོགས་ཨེ་ཤེ་ཡ་ཤར་མའི་ནོར་སྲིད་དཔལ་འབྱོར་མཉམ་ལས་ལམ་སྲོལ་བཅས་བེད་སྤྱོད་ཡག་པོ་བྱས་ནས་ཨེ་ཤེ་ཡའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱིར་མ་དངུལ་དང་རིགས་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
         མཱ་ཧྲེང་ཐའེ་ལང་གིས་འགོ་ཚུགས་མཛད་སྒོའི་ཐོག་དང་ཐོག་ཉེ་ཆར་ཀྲུང་གོར་འབྲི་ཆུའི་ཐོག་འགྲུལ་སྐྱེལ་གྲུ་གཟིངས་ཤིག་མགོ་རྟིང་ལོག་པའི་དོན་རྐྱེན་ཐོན་པར་སེམས་གསོ་འཚམས་འདྲི་གནང་བ་རེད། ཁོང་གིས་ཀྲུང་རིའི་དབར་གླེང་མོལ་བྱས་ན་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཕན་པ་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་རྣམ་ཅན་གྱི་སྲོལ་ལམ་ཐོག་འཇུག་ནས་དཔལ་འབྱོར་གྲུབ་ཆ་སྒྱུར་བཅོས་བྱེད་བཞིན་ཡོད་པ་དང་རི་པིན་གྱིས་ཨན་པེ་དཔལ་འབྱོར་རིག་པའི་སྐུལ་སྤེལ་བརྒྱུད་དཔལ་འབྱོར་སླར་གསོ་དང་ནོར་སྲིད་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གལ་འགངས་ཤིན་ཏུ་ཆེ་བའི་རྣམ་པ་དེ་འདྲ་ཞིག་ཏུ་གནས་ཡོད་པས་ད་རེས་ཀྱི་གླེང་མོལ་ཚོགས་འདུ་བརྒྱུད་ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བསམ་འཆར་བརྗེ་རེས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ད་རེས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་པོའི་ནོར་སྲིད་པུའི་པུའུ་ཀྲང་གིས་དུས་སང་རི་པིན་གྱི་ཐོ་ཁེའོ་རུ་ཀྲུང་རིའི་ནོར་སྲིད་པུའུ་ཀྲང་གི་གླེང་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་མོས་མཐུན་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།