འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དྲིན་ཅན་ཨ་མ།

    ལྷ་ལུང་ཀརྨ་ཤེས་རབ་ཀྱིས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཨ་མ་ཁྱེད་ནི་ངའི་མི་ཚེའི་བརྟེན་འཁར་དང་། ཕུགས་བསམ་རྒྱང་སྐྱོད་ཀྱི་དཔུང་རོགས། ངའི་ཚེ་སྲོག་གི་ཁང་ཆུང་ལ་མཁོ་བའི་ཀ་གདུང་། ང་རང་ཕྱག་ཟུང་དྲོན་མོས་སྐྱོར་ཞིང་། ནུ་ཞོ་མངར་མོས་སྐྱོང་མཁན་གྱི་དྲིན་ཅན་ཨ་མ། ངའི་སེམས་ཀྱི་རྩྭ་སར་འཚེར་བཞིན་པའི་ཉི་མ་དམར་པོ། ཁྱེད་ཀྱི་ཤ་ཁྲག་འཇིབས་པའི་སྲིན་འབུ་སྡུག་ཅན་ང་རང་རང་མགོ་མི་ཐོན་ལ་མི་གོ་མི་ཆོད་པས། ངའི་ཟ་སྡོད་ཀྱི་ཁུར་ཆེན་ཁྱེད་ཁོ་ནར་བརྟེན་དགོས། དེ་འདྲའི་དྲི་རྟགས་ལ་མནོ་བསམ་གཏོང་དུས། གཅན་གཟན་གྱི་ངར་སྐད་དང་ཁ་ཆར་བུ་ཡུག་གི་འཇིགས་པ་བཤགས་པའི་རྒོལ་གཏམ་ཁྲོད་ལང་ཚོའི་མེ་ཏོག་རྙིད་པའི་ཨ་མ་རྒན་མོ། གཞན་ཡུལ་གྲོང་ཁྱེར་གྱི་སྲང་ཁ་འདི་ནས་ཨ་མ་ཁྱེད་ལྷག་པར་དྲན།
         མཁའ་ལ་འཕུར་བའི་འདབ་ལྡན་གྱི་བྱེའུ་ཆུང་ལགས། ཁྱེད་ངའི་ཕ་ཡུལ་ལ་འཕུར་ན། ངའི་ཨ་མར་ཁམས་བདེ་ཞིག་འདྲི་རོགས། བུ་ཕྲུག་གི་བདེ་སྐྱིད་ཆེད་ཐམས་ཅད་བློས་གཏོང་ཕོད་པའི་དྲིན་ཅན་ཨ་མ། ཁྱེད་བདེ་མོ་ཡིན་ནམ། གསེར་མདོག་གི་ཕ་སར་ཡབ་མེས་ཀྱི་རྣམ་ཐར་སྐྱོང་གིན། ནམ་ཟླའི་འཕོ་འགྱུར་བཞིན་ར་བ་སྒོ་བཞིའི་སྐྱོང་དོན་ལ་བྲེལ། རྫ་རི་དང་སྤང་རིའི་ལོགས་ལ་གཉེར་རིས་བཞིན་གསལ་བའི་རི་ལམ་ཀྱག་ཀྱོག་དག་ནི་ཁྱེད་ཀྱི་ལང་ཚོས་བྲིས་པའི་རི་མོ་འཁྲུལ་མེད་ཅིག ཉི་མ་དང་ཟླ་བ་གྲོགས་སུ་བསྒྲིགས། ཁ་ཆར་དང་བུ་ཡུག དྲག་ཆར་དང་ཉི་འོད་གོས་སུ་གྱོན། མཚན་མོ་མེ་ཐབ་ཁོ་ནའི་འོད་ལ་བརྟེན་ནས་བལ་ལས་ལ་བྲེལ།
         དཔྱིད་ཀྱི་རྡུལ་རླུང་དང་ཉི་འོད། ཁ་ཆར་ཅི་འདྲའི་རྒོད་ཀྱང་། རི་མགོའམ་ལྷས་གཞུང་གང་རུང་དུ། གླག་སྤྱང་གི་དགྲ་ཁར་རེའུ་ལུག་ཤོར་དོགས་ཀྱིས་མིག་འབྲས་བཞིན་གཅེས་པའི་རེའུ་ལུག་སྐྱེ་བསུར་བྲེལ།
         དབྱར་གྱི་ཐོག་སེར་དང་དྲག་ཆར་ཅི་འདྲའི་དྲག་ཀྱང་རྫབ་དཀྱིལ་དང་འདམ་དཀྱིལ་དུ་མ་མོའི་སྟར་བསྒྲིགས། འབྲི་མོའི་གདང་འདོགས་ཀྱི་ངལ་བས་ལུས་ཡོངས་ཆུ་ཐིགས་ཉིལ་ཉིལ་དུ་འབྲི་འཇོ་ཞོ་དཀྲོག་གི་དཀར་ལས་ལ་བྲེལ།
         སྟོན་དུས་ཀྱི་སད་སེར་བ་མོ་དང་། ཉི་འོད་ཀྱི་འགྱུར་བ་ཇི་ལྟར་རྩུབ་ཀྱང་། དུས་ཚོད་ཀྱི་སྔ་ཕྱི་གང་དུའང་རི་རྩྭ་གཞུང་རྩྭའི་རྔ་བསྡུ་ལ་བརྩོན་པས་ལུས་ཡོངས་རྔུལ་ཆུས་འཚོས་བཞིན་རྩྭ་སྣ་མི་གཅིག་སྟོང་ཕྲག་གི་རྔ་བསྡུར་བྲེལ།
         དགུན་གྱི་གངས་འཁྱག་གྲང་རླུང་གི་སྤུ་གྲི་ཇི་ལྟར་རྣོ་ཡང་། སྐྱ་ཐེར་ཐེར་གྱི་རི་ཀླུང་གང་སར་ལ་ཁའི་དར་ལྕོག་བཞིན་ངོ་གདོང་རླུང་བུར་གཏད་དེ་ནོར་ལུག་འཚོ་སྐྱོང་ལ་བྲེལ།
         རེད་ཨང་། ཁྱེད་ཀྱི་བཀའ་དྲིན་རི་རབ་ལས་བརྗིད་ཅིང་རྒྱ་མཚོ་ལས་ཟབ། དཀའ་སྡུག་གི་རྔུལ་ཆུས་རྩྭ་ཐང་བརླན་པའི་ཨ་མ་ལགས། ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། ཁྱེད་ནམ་འཚོའི་བར་བདེ་བའི་སྨོན་ལམ་བུ་ངའི་སྙིང་དབུས་ནས་འདེབས།
      

    ཕྱོགས་བསྡུས་གསར་འགྱུར།