འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།>>ཀན་སུའུ།

    ༄༅།།ཐེང་ཀེ་ལི་བྱེ་ཐང་སྦགས་བཙོག་དོན་རྐྱེན་གྱིས་ཀན་སུའུ་ཡི་རྒྱལ་ཁབ་ལས་བྱེད་པ་
    14འགན་འཁྲི་བདའ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་གསར་འགོད་པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཝུའུ་ཝུའེ་རུང་ཧྭ་བཟོ་ཚོང་ཚད་ཡོད་ཀུང་སིའི་ཁོར་ཡུག་ཁྲིམས་འགལ་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་ཀྱི་ལས་ཀ་ཚར་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་14ཁྲིམས་དང་སྒྲིག་སྲོལ་བཞིན་འགན་འཁྲི་བདའ་འདེད་བཏང་བ་རེད།
         ན་ནིང་ཟླ་5པ་ནས་འདི་ལོའི་ཟླ་3པ་བར་རུང་ཧྭ་ཀུང་སིས་ཐེང་ཀེ་ལི་བྱེ་ཐང་མཐིལ་ཏུ་བཙོག་ཆུ་ཏུན་ཁྲི་8བཏང་ནས་བྱེ་ཐང་མུའུ་266ཙམ་ལ་སྦགས་བཙོག་བཟོས་ཡོད། འདི་ལོའི་ཟླ་3ཚེས་12ཉིན་ཁོར་ཡུག་ཁྲིམས་འགལ་གྱི་དོན་རྐྱེན་དེར་བརྟག་དཔྱད་བྱས་པ་དང་དེ་རྗེས་རྒྱལ་ཁབ་དང་ཀན་སུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་དང་ཐག་གཅོད་ཀྱི་ལས་དོན་སྤེལ་ཡོད།
         བརྟག་དཔྱད་བྱས་པ་བརྒྱུད། རུང་ཧྭ་ཀུང་སིས་ད་ཐེངས་ཀྱི་དོན་རྐྱེན་དེའི་འགན་གཙོ་བོ་འཁུར་དགོས་པ་དང་། ཝུའུ་ཝུའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་དགོས་པ། ལེང་ཀྲོའུ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་འགོ་ཁྲིད་གཙོ་བོའི་འགན་འཁུར་དགོས་པ། ཀན་སུའུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྟ་སྡོམ་གྱི་འགན་གཙོ་བོ་འཁུར་དགོས་པ། ཝུའུ་ཝུའེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལྟ་སྡོམ་གཙོ་བོའི་འགན་འཁུར་དགོས་པ། ལེང་ཀྲོའུ་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཐད་ཀའི་ལྟ་སྡོམ་གྱི་འགན་འཁུར་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་གྱི་ཇུས་གཞི་ལྟར་སྦགས་བཙོག་བཟོས་པའི་བྱེ་ཐང་གི་སྣོད་བཅུད་ཉམས་གསོ་བྱེད་བཞིན་ཡོད་པ་དང་ད་ཐེངས་ཀྱི་དོན་རྐྱེན་ལས་བསླབ་བྱ་ཐོབ་ཆེད། ཀན་སུའུ་ཡིས་མུ་མཐུད་ཁོར་ཡུག་གི་གནད་དོན་དང་འབྱུང་ཉེན་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།