འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྤྱོད་མཁའ་འགྲུལ་ཤིན་ཅིན་སློབ་གླིང་གིས་འབའ་ཐང་བོད་རིགས་ས་ཁུལ་གྱི་
    ཕྲུ་གུར་འཕུར་སྐྱོད་ཕུགས་བསམ་སྒྲུབ་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་ཤིན་ཅིང་ཡན་ལག་སློབ་གླིང་ལ་དམིགས་བསལ་གྱི་མགྲོན་པོ་ཡིན་པའི་འབའ་ཐང་བོད་རིགས་ས་ཁུལ་གྱི་ཕྲུ་གུ་38དང་དེ་བཞིན་ཤིན་ཅིན་གྱི་ཆ་སྒྲིག་ཁྱིམ་ཚང་ནང་གི“ཡབ་ཡུམ”དང“གཅེན་གཅུང”འབྱོར་བ་རེད། ཕྲུ་གུ་ཚོ་ཡན་ལག་སློབ་གླིང་དུ་སྐྱོད་པའི་བྱ་སྤྱོད་ནི་ཤིན་ཅིན་ཡན་ལག་ཁང་གིས་སྤེལ་བའི“འཕུར་སྐྱོད་ཕུགས་བསམ་གྱི་མྱུ་གུ་འབུད་པ་དང་ཀྲུང་གོའི་ཕུགས་འདུན་འདེགས་པའི”མཁའ་འགྲུལ་ཤེས་བྱ་ཁྱབ་གདལ་བྱེད་སྒོ་དང་ཤིན་ཅིན་རྫོང་གིས་སྤེལ་བའི་འབའ་ཐང་རོགས་སྐྲུན་ལས་དོན་སྐལ་བཟང་མེ་ཏོག་བཞད་པའི་ལས་གྲྭའི་ནང་གི་མྱོང་རོལ་བྱེད་སྒོའི་ནང་དོན་གྲས་ཤིག་ཡིན་ཞིང་། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཉིན་ཕྲུ་གུ་ཚོར་གཞན་དང་མི་འདྲ་བའི་ཡུལ་སྐོར་ཐེངས་གཅིག་ཁྲིད་པ་དང་དམིགས་བསལ་གྱི་དུས་ཆེན་ལག་རྟགས་གཅིག་སྤྲད་པ་རེད།
         ཉིན་དགུང་གནམ་གཤིས་ཚ་བ་ཤིན་ཏུ་ཆེ་ཡང་ཕྲུ་གུ་ཚོ་སློབ་གླིང་དུ་ལྟ་སྐོར་བྱེད་པ་དང་མཁའ་འགྲུལ་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་སྔར་བཞིན་ཆེན་པོ་ཡོད་པ་རེད། སློབ་གླིང་ནང་གི་གང་སར་བློ་རིག་བཀྲ་ཞིང་སྤྲོ་སྣང་ལྡན་པའི་ཕྲུ་གུ་ཚོའི་དགོད་སྒྲས་ཁེངས་ཡོད།
         “སླད་ཕྱིན་ངས་ཀྱང་གནམ་གྲུ་བཏང་ནས་མཁའ་དབྱིངས་སུ་རང་སྣང་གིས་འཕུར་སྐྱོད་བྱེད་ཀྱི་ཡིན”ཞེས་ཕྲུ་གུ་ཚོས་བཤད། གནམ་གྲུ་འཇོག་སར་ཡན་ལག་སློབ་གླིང་གི་སློབ་མའི་དང་བླངས་པས་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་དང་གནམ་གྲུའི་གྲུབ་ཆ་རགས་ཙམ་འགྲེལ་བཤད་བརྒྱབ་རྗེས་ཕྲུ་གུ་ཚོ་སྔ་རྗེས་སུ་ཁ་ལོ་བའི་ཚང་དུ་འཛུལ་ཏེ་གནམ་གྲུ་གཏོང་མཁན་གྱི་མྱོང་ཚོར་མྱོང་རོལ་ཟབ་མོ་བྱས་པ་རེད། ཡན་ལག་ཁང་གི་སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་དུ་ཕྲུ་གུ་ཚོས་རི་འགོག་དམག་འཁྲུག་སྐབས་བསྐྲུན་པའི་ཤིན་ཅིན་གནམ་ཐང་གི་ལམ་བཅག་རྡོ་འཁོར་ལོ་དང་། གནམ་གྲུའི་འདྲ་དཔེ། ཡན་ལག་ཁང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་པར་རིས། དངོས་རྫས་དཔྱད་གཞི་བཅས་ལ་གཟབ་ནན་ངང་བལྟས་རྗེས་རང་ཉིད་ཀྱི་དོགས་འདྲི་ཡང་ཡང་འདོན་ནས་ལོ་རྒྱུས་དང་རིག་གནས་ཡུན་རིང་ལྡན་པའི་སློབ་ཆེན་དེའི་འཕོ་འགྱུར་མྱོང་རོལ་ཞིབ་ཚགས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅིན་ཡན་ལག་ཁང་གིས་2013ལོ་ནས“འཕུར་སྐྱོད་ཕུགས་བསམ་གྱི་མྱུ་གུ་འབུད་པ་དང་ཀྲུང་གོའི་ཕུགས་འདུན་འདེགས་པའི”མཁའ་འགྲུལ་ཤེས་བྱ་ཁྱབ་གདལ་བྱེད་སྒོ་སྤེལ་ཚུན་ཁྲེང་ཏུའུ་སློབ་འབྲིང་བདུན་པའི་ཤེས་ལྡན་པ་གསོ་སྐྱོང་སློབ་གྲྭ་དང་ཤིན་ཅིན་རྫོང་ཝུའུ་ཅིན་སློབ་ཆུང་གསུམ་པ་སོགས་སློབ་གྲྭ་མང་པོའི་དགེ་སློབ་དང་སྤྱི་ཚོགས་ཀྱི་མི་སྣ་ཁྱོན་མི་ཐེངས་400ཙམ་ལ་སྣེ་ལེན་ཞུས་པ་དང་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་རིགས་ཀྱི་ཀུན་སྤྱོད། སྒྲོག་འགྲེལ་རྩལ་ནུས་བཅས་ཆེ་ཙམ་ལྡན་པའི་དགེ་སློབ་དང་བླངས་སྒྲོག་འགྲེལ་དཔུང་ཁག་གིས་ཁོང་ཚོར་མཁའ་འགྲུལ་ཤེས་བྱ་ཁྱབ་གདལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།