འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་
    གི་གཟིགས་སྐྱོང་ས་ཁོངས་སུ་དབྱེ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་6ཚེས་3ཉིན་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད་དང་། འཕྲེད་རྒྱུག་རི་བོའི་ལྷོ་དུམ་བུ། བྱང་ཐང—གཙང་གསུམ་ཆུ་འགོ་བཅས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གཟིགས་སྐྱོང་ས་ཁོངས་བཅས་3དུ་དབྱེ་ནས་དེར་སྐྱེ་དངོས་སྣ་མང་རང་བཞིན་གཙོ་གནད་དུ་སྲུང་སྐྱོང་བྱ་རྩིས་ཡོད་པ་རེད།
         2010ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་》(2011ལོ་ནས་2030ལོ་བར)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་མཚོ་བོད་ས་མཐོའི་མཐོ་གྲང་ས་ཁུལ་ཚུད་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཟིགས་སྐྱོང་ས་ཁོངས་35དབྱེ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།
          ད་ཕན་ལོ་ཤས་རིང་གྱིན་འགྱུར་སྐྱེ་དངོས་ཀྱི་བདེ་འཇགས་དང་། ཕྱིའི་སྐྱེ་དངོས་རིགས་ཀྱི་ནང་འཛུལ། སྐྱེ་དངོས་རྒྱུད་ཁྲིད་ཐོན་ཁུངས་བསྡུ་ལེན་དང་ཁེ་ཕན་མཉམ་རོལ་སོགས་གནད་དོན་ཐོན་པ་དང་སྦྲགས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་ཉིན་བཞིན་སྤྱི་ཚོགས་ཀྱི་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་འདི་ཉིད་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གྱིན་མཛོད་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་གཟིགས་སྐྱོང་ས་ཁོངས་དབྱེ་རྒྱུ་དེ་དེ་བས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
          བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་འཇམ་དཔལ་གྱིས“སྐྱེ་དངོས་སྣ་མང་རང་བཞིན”ནི་སྐྱེ་དངོས་དང་ཁོར་ཡུག་ལས་གྲུབ་པའི་སྣོད་བཅུད་འདུས་གཟུགས་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་སྣོད་བཅུད་སྣ་ཚོགས་ཀྱི་སྤྱི་མིང་ཡིན་པ་དེའི་ནང་སྣོད་བཅུད་མ་ལག་དང་། སྐྱེ་དངོས། གྱིན་བཅས་རིམ་པ་གསུམ་ཚུད་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ནི་མིའི་རིགས་ཀྱིས་འཚོ་སྡོད་བྱེད་པའི་ཆ་རྐྱེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་རྨང་གཞི། སྣོད་བཅུད་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་བཅས་རེད་ཅེས་བསྟན་པ་རེད།
         ཁོང་གིས་དངོས་རིགས་ཤིག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཚེ་ངེས་པར་དུ་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་དེ་བས་མང་བས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་པ་བྱེད་པ་དང་། མི་དེ་བས་མང་བ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དཔུང་ཁག་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། བོད་ཀྱིས་ད་ཐེངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གཟིགས་སྐྱོང་གི་ས་ཁོངས་དབྱེ་བ་དེ་《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་》སྔར་བས་ལག་བསྟར་དོན་འཁྱོལ་བྱ་ཆེད་ཡིན་ཞེས་བཤད་པ་རེད། སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྦྲགས་སྤྱི་དམངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཡང་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།