འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་བདེ་འཇགས་ཡོང་ཆེད་དུ།

    —— བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཡོམ་འགོག་གེགས་སེལ་བྱས་པའི་སྐོར་གྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14སྐར་མ་11ཙམ་ལ་ནེ་པ་ལར་ས་ཡོམ་དྲག་པོ་རིམ་པ་8.1བརྒྱབ་ཅིང་། དེས་ནེ་པ་ལར་གནོད་འཚེ་ཆེན་པོ་བཟོས་ཡོད་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་10ལྷག་ཙམ་ལའང་ཤུགས་རྐྱེན་ཚབས་ཆེན་ཕོག་པ་སྟེ། ས་ཡོམ་ནང་བོད་ཀྱི་མི་26རྐྱེན་ལམ་དུ་ཤོར་བ་དང་། མི་3གར་སོང་ཆ་མེད་དུ་གྱུར་་པ། མི་856ལ་རྨས་སྐྱོན་ཕོག་པ། མི་ཁྲི་30ཙམ་ལ་གནོད་འཚེ་ཕོག་པ། ཁང་མིག་2699བརྡིབས་པ། མང་ཚོགས་དུད་ཚང་ཁྲི་4ཙམ་ལ་གཏོར་སྐྱོན་ཕོག་པ་བཅས་རེད།
          ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་རིམ་པ་གཉིས་པ་ལག་བསྟར་བྱས་ནས་མགྱོགས་མྱུར་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་གྱི་འཐབ་ཕྱོགས་དང་པོར་གེགས་སེལ་མཛུབ་ཁྲིད་དང་རོགས་རམ་དུ་མངགས་པ་དང་། འབྲེལ་ཡོད་སྡེ་ཚན་དང་གནོད་འཚེ་ཕོག་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཏང་ཨུད་དང་སྲིད་གཞུང་གིས་ཧུར་བརྩོན་དང་རང་འགུལ་ངང་ཁ་གཏད་བཅག་པ། ཉེན་ཁ་མྱུར་སེལ་དང་རོགས་སྐྱོབ་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་པ། མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་བཅས་རེད། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མཐའ་སྲུང་མེ་གསོད་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་བཅས་ཀྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་གཞི་རིམ་ཏང་རྩ་འཛུགས་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་བཅས་ཉེན་འགོག་གེགས་སེལ་ལས་དོན་ནང་འཕྲལ་དུ་ཞུགས་པ་སོགས་བྱས་ཤིང་། བོད་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་གེགས་འགོག་གཡུལ་འགྱེད་ཅིག་ཁྱོན་ཡོངས་ནས་རྒྱག་འགོ་ཚུགས་པ་རེད།
         མི་སྣ་སྐྱོབ་རྒྱུ་ཨང་དང་པོར་བཞག་པ།
         ཟླ་4ཚེས་25ཉིན་གྱི་དགོང་མོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཨུའི་ཛ་དྲག་གི་རྒྱ་ཆེའི་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་གནོད་འཚེ་ཕོག་ཁུལ་གྱི་འགན་འཁུར་བའི་གནོད་འཚེའི་གནས་ཚུལ་སྙན་སེང་ཉན་པ་དང་ཡོམ་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། “མི་སྣ་སྐྱོབ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ་དང་མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་གཏོང་དགོས”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུའི་ཐོག་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དུས་མཚུངས་སུ་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་དང་རྒྱབ་ཕྱོགས་བཀོད་འདོམས་པུའུ་བཙུགས་ཤིང་། ས་ཡོམ་བརྒྱབ་པའི་ཉིན་དེར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཛ་དྲག་ངང་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བཀོད་འདོམས་རོགས་སྐྱོབ་བྱས་ཡོད།
         གེགས་བར་བྱུང་རྗེས་བོད་དམག་ཁུལ་ཁང་ནས་འཕྲལ་དུ་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་བཙུགས་ཏེ་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་ལ་དཔོན་དམག་གྲ་སྒྲིག་དམག་ཞབས་མི་སྣ་1050དང་རླངས་འཁོར་75 ཨར་ལས་རླངས་འཁོར་12བཅས་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་དུ་གཏོང་རྒྱུའི་བཀའ་མགྱོགས་མྱུར་ཕབ་པ་རེད། དེ་དང་དུས་མཚུངས་སུ་བཅིངས་འགྲོལ་དམག་སྨན་ཁང་གཉིས་ཨང་8པས་ཆེད་ལས་སྨན་དོན་མི་སྣ་60ཟུར་འཐེན་བྱས་པ་དེ་ཚོགས་ཆུང་གཉིས་སུ་བགོས་ཏེ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ཡོད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་བཙུགས་པ་དང་། གཞུང་ལམ་དང་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་གིས་ཆུ་ཚོད་24ཡི་ལས་རེས་ལག་བསྟར་བྱས་ནས་ཉེན་སེལ་ཤར་བགྲོད་འགན་ལེན་དང་སྐྱེལ་འདྲེན་འགན་ལེན་ཐུབ་རྒྱུའི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་མི་ཤུགས་དང་། དངོས་རྫས། འཕྲུལ་ཆས། སྒྲིག་ཆས། གནོད་འཚེ་ཕོག་ཁུལ་དུ་མགྱོགས་ལ་ནུས་ལྡན་ངང་དབོར་རྒྱུའི་འགན་ལེན་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་། ཆུ་བེད་ཐིང་། ས་ཡོམ་ཅུས་སོགས་ཨུ་ཡོན་ལྷན་ཁང་ཐིང་ཅུས་སོ་སོས་སྔ་རྗེས་སུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཡོད་པ་རེད།
         “ཚེ་སྲོག་ལམ་བུ”མྱུར་བཟོ་བྱས་ཏེ་དུས་ཚོད་དང་འགྲན་པ།
         ས་ཡོམ་བརྒྱབ་རྗེས་རྒྱལ་ལམ་318ཀྱི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་བར་གྱི་འགྲོ་ལམ་དང་། གཉའ་ལམ་རྫོང་ནས་འགྲམ་འགག་སྒོའི་བར་གྱི་འགྲོ་ལམ། སྐྱིད་གྲོང་རྫོང་ནས་སྐྱིད་གྲོང་གྲོང་རྡལ་བར་གྱི་འགྲོ་ལམ། སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་པའི་བར་གྱི་འགྲོ་ལམ། གནོད་འཚེ་ཕོག་ཁུལ་གྱི་འཕྲིན་གཏོང་བརྡ་རྟགས་བཅས་ཆད་པ་དང་ས་གནས་མི་ཉུང་བ་ཞིག“ཁེར་ཆགས་གླིང་ཕྲན”ལ་གྱུར་བ་དང་། འགྲམ་གྲོང་རྡལ་གྱི་མི་6000ལྷག་ཙམ་དང་། རི་ཟུར་ཟམ་པའི་མི་200ལྷག་ཙམ་ཉེན་ཁའི་གནས་སུ་གྱར་ཅིང་། ཐག་རིང་ལུང་ཁུག་ཏུ་གནས་པའི་དིང་རི་རྫོང་རོང་ཤར་ཤང་དང་ཆུ་སྟེང་ཤང་དང་སྐྱིད་གྲོང་རྫོང་ས་ལེ་ཤང་སྐབས་ཤིག་རིང་ཕྱི་ཕྱོགས་དང་རྦད་དེ་འབྲེལ་བ་ཆད་པ་རེད།
         འགྲོ་ལམ་མྱུར་བཟོ་བྱ་ཆེད་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགྲིམ་འགྲུལ་དང་མེ་གསོད་མི་སྣ་300ལྷག་ཙམ་དང་འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་དང་འཁོར་རིགས་30ལྷག་ཙམ་གྱིས་ལམ་བཤངས་པ་རེད། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་ཀྱིས་ཆུ་ཚོད་70ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ཟླ་4ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16དང་སྐར་མ་43ཐོག་ས་ཡོམ་ཁྲོད་དུ་མི་སྣ་མང་ཤོས་ཉེན་ཁར་གྱར་ཡུལ་འགྲམ་གྲོང་རྡལ་ཕྱོགས་སུ་བསྐྱོད་སའི་ལམ་གྲུབ་འབྲས་ཐོབ་པའི་ངང་མྱུར་བཟོ་ཐུབ་པ་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
         གནོད་འཚེ་ཕོག་པའི་མང་ཚོགས“ཁེར་ཆགས་གླིང་ཕྲན”ནས་ཕྱིར་འཐེན་དང་བཀོད་སྒྲིག་འོས་འཚམ་བྱས་པ།
         ས་ཡོམ་དང་ཡོམ་འཕྲོ་དྲག་པོ་བྱུང་སྟབས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཆེན་པོ་གང་གི་དུས་སུའང་ཐོན་ཉེན་ཡོད་སྟབས་ཉེན་གྱར་མི་6000ཙམ་གྱི་ཚེ་སྲོག་བདེ་འཇགས་ལ་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱི་ཡོད། གཉའ་ལམ་ནས་འགྲམ་གྲོང་རྡལ་ཕྱོགས་སུ་བསྐྱོད་སའི་གཞུང་ལམ་གྲུབ་འབྲས་ཐོབ་པའི་ངང་བཟོས་རྗེས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་གནོད་འཚེ་ཕོག་པའི་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་གནས་སྤོ་བྱ་རྒྱུའི་ཐབས་ཇུས་འཕྲལ་ཐག་ཆོད་པོས་བཏོན་པ་རེད།
         མིག་སྔར་ཕྱིར་འཐེན་གནས་སྤོའི་མི་གྲངས་ཁྱོན་བསྡོམས་63989བཀོད་སྒྲིག་འོས་འཚམ་བྱུང་བ་དང་གཞིས་རྩེ་གྲོང་ཁྱེར་དང་། ལྷ་རྩེ་རྫོང་། གཉའ་ལམ་རྫོང་སོགས་ས་ཁུལ་དུ་བཙུགས་པའི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་རྨས་མར་སྨན་བཅོས་ཐུབ་པའི་འགན་ལེན་དང་གནོད་འཚེ་ཕོག་ཁུལ་གྱི་གློག་ཤུགས་དང་། ཆུ་མཁོ་འདོན། འཕྲིན་གཏོང་བཅས་རགས་ཙམ་སླར་གསོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།