འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་བོད་ལྗོངས་ཀྱི་གེགས་སེལ་གནོད་སྐྱོབ་སྐོར་
    གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་བོད་ཀྱི་གེགས་སེལ་གནོད་སྐྱོབ་སྐོར་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། དམངས་སྲིད་པུའུ་དང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། ས་ཡོམ་ཅུས། སྤྱི་ཁྱབ་ཚན་མོའུ་བཀོད་འཐབ་པུའུ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་འདྲེན་ཞུས་ཏེ་ཡོམ་འགོག་གེགས་སེལ་བྱ་ཚུལ་ངོ་སྤྲོད་བྱས་པ་རེད། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏོའུ་ཡུས་ཕེས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་ཤུགས་སྒྲིལ་རོགས་ལས་དང་གཞོགས་འདེགས་དམ་ཟབ་བྱས་པས་བོད་རང་སྐྱོང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད་ཅེས་བསྟན་པ་རེད།
         ཏོའུ་ཡུས་ཕེས་དམངས་སྲིད་པུའུ་ཡིས་ས་ཡོམ་བརྒྱབ་པའི་ཉིན་དེར་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱས་པ་དང་ཆབས་ཅིག་གེགས་བར་གནས་ཚུལ་མང་དུ་ཕྱིན་པ་དང་གེགས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ་ཡོམ་རྗེས་ཀྱི་ཉིན་གཉིས་པར་དང་ལེན་རིམ་པ་དེ་IIIརིམ་པར་སྤར་བ་དང་། བོད་རང་སྐྱོང་ལྗོངས་ལ་གུར་ཁྲི་3དང་། སྲིང་བལ་བར་འཚང་གི་སྟོད་གོས་དང་ཉལ་ཆས་ཁྲི་13 ལྟེབས་ཁྲི་ཁྲི་2.5 ཉལ་ཁུག་ཁྲི་1.5 གུར་ནང་སྤྱོད་བྱེད་ཀྱི་འཕྲལ་སྡོམ་གློག་སྒྲོན་ཁྲི་1 ཐང་སྟོང་དུ་སྤྱོད་བྱེད་ཀྱི་གློག་སྒྲོན་ཁྲི་100 སྟབས་བདེའི་གསང་སྤྱོད་1000སོགས་ཀྲུང་དབྱང་གི་གེགས་སེལ་གསོག་འཇོག་དངོས་ཟོག་གཏོང་སྤྲོད་བྱས་ཤིང་། དེ་དང་ཆབས་ཅིག་ནོར་སྲིད་པུའུ་ཡིས་ཀྲུང་དབྱང་གེགས་སེལ་འཕྲལ་སྡོམ་མ་དངུལ་སྒོར་དུང་ཕྱུར་1.5ཛ་དྲག་ངང་སྤྲད་ཡོད་ཅེས་གསུངས་པ་རེད།
         ཏོའུ་ཡུས་ཕེས་གནས་ཚུལ་ངོ་སྤྲོད་གནང་སྐབས་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་འཕྲལ་སྡོམ་ཁ་གསབ་མ་འཇོག་སྒོར་ཁྲི་3000ཛ་དྲག་ངང་སྤྲད་ནས་རྡོ་སོལ་གློག་སྣུམ་རླངས་དབོར་འདྲེན་དང་འཕྲལ་སྡོམ་དངོས་ཟོག་མཁོ་འདོན་འགན་ལེན་ལས་དོན་ཤུགས་ཆེན་སྤེལ་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཡུལ་དེ་གའི་གློག་འཕྲིན་ཁེ་ལས་ལ་མཛུབ་ཁྲིད་བྱས་ཏེ་གནས་སྐབས་སྦྲེལ་ཚིགས་དང་ཉེ་འཁོར་སྦྲེལ་ཚིགས་བཟོས་ནས་ཛ་དྲག་རྒྱ་སྐྱེད་སོགས་བྱེད་པ་བརྒྱུད་ནས་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་སྟོབས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ཏེ་གེགས་ཁུལ་མང་ཚོགས་ལ་ཁ་པར་གྱི་དངུལ་རྫོགས་ཀྱང་ཁ་པར་གཏོང་ཐུབ་པ་དང་རིན་མི་དགོས་པར་བདེ་འཚམས་ཞུ་ཐུབ་པ། གཉེན་ཉེ་འཚོལ་བའི་ཁ་པར་སོགས་དམངས་ཕན་གྱི་ཞབས་འདེགས་ཞུས་ཡོད་པ་རེད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཀྱི་ཉེན་བརྡ་བཏང་ནས་གེགས་ཁུལ་ལ་རྒྱང་ཚོར་བརྙན་རིས་གསལ་པོ་མཁོ་འདོན་བྱས་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གེགས་ཁུལ་ལ་མངགས་ནས་ས་ཡོམ་ལས་བྱུང་བའི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཡོད་ས་150ལ་ཛ་དྲག་ངང་གྲལ་བཤེར་བྱས་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ནས་རྫོང་7གྱི་སྤྱི་པའི་བཟོ་བཀོད་དང་། དམངས་ཁང་། དེ་བཞིན་གྲོང་དོན་རྨང་གཞིའི་སྒྲིག་བཀོད་བཅས་310ལྷག་གི་འཕྲལ་སྡོམ་དཔྱད་དཔོག་ལ་མཛུབ་ཁྲིད་བྱས་ནས་ལེགས་གྲུབ་བྱུང་ཡོད་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྒོར་ཁྲི་1000ཡི་གཞུང་ལམ་གཏོར་སྐྱོན་ཉམས་གསོ་དང་ཤར་གཏོང་གི་མ་དངུལ་ཛ་དྲག་ངང་སྤྲད་ནས་གེགས་སྐྱོན་ཐེབས་པའི་ལམ་དུམ་མྱུར་བཟོ་བྱས་ནས་སྐྱེལ་འདྲེན་ཤར་གཏོང་བྱས་པ་རེད། ཆུ་བེད་པུའུ་ཡིས་འཁྱིལ་མཚོའི་ཉེན་ཁ་སེལ་བ་དང་། ཆུ་མཛོད་དང་ཆུ་ཤུགས་གློག་ཁང་གི་ཞོར་ཐོན་གནོད་འཚེ་འགོག་ཟོན། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་སོགས་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཡོད། ཚོང་དོན་པུའུ་ཡིས་IIIརིམ་པའི་འཕྲལ་སྡོམ་དང་ལེན་བྱས་ཏེ་ནོར་སྲིད་པུའུ་དང་མཉམ་དུ་ཀྲུང་དབྱང་གི་གསོག་འཇོག་ཤ་དེ་གེགས་ཁུལ་ཁྲོམ་རར་མཁོ་སྤྲོད་བྱས་པ་དང་། དེ་བཞིན་གེགས་ཁུལ་གྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོར་བསྒྲུབས་ཡོད།
         འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་རུ་ཁག་གི་མི་25གེགས་ཁུལ་དུ་མངགས་ཏེ་འཕྲོད་བསྟེན་རིམས་འགོག་ལས་དོན་བསྒྲུབས་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་རིམས་འགོག་འཕྲལ་སྡོམ་དངོས་ཟོག་གི་དགོས་མཁོའི་ཐད་རམ་འདེགས་བྱས་ཏེ་ཐག་གཅོད་བྱས་ཡོད།
         ས་ཡོམ་ཅུས་ཀྱིས་ས་གནས་ས་ཐོག་གི་ལས་དོན་རུ་ཁག་མངགས་ནས་གནོད་འཚེ་བརྟག་དཔྱད་དང་ས་གཡོའི་གཏོར་ཚད་ཞིབ་དཔྱད་གཏན་འཁེལ་བྱས་ཏེ་ས་ཡོམ་གྱི་ས་གཡོའི་གཏོར་ཚད་ཀྱི་རི་མོ་རང་འགུལ་ངང་ཁྱབ་བསྒྲགས་བྱས་ནས་ས་ཡོམ་གྱི་ས་གཡོའི་གཏོར་ཚད་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད། དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་། འཁོར་རིགས་འཕྲུལ་འཁོར། ཐད་འཕུར་གནམ་གྲུ་སོགས་མགྱོགས་མྱུར་བཏང་ནས་རྨས་མ་མྱུར་སྐྱོབ་དང་དབོར་འདྲེན། རིམས་འགོག་དུག་སེལ། སྦྲ་གུར་འབུབས་པ། བགྲོད་ལམ་མྱུར་བཟོ་སོགས་ཀྱི་ལས་དོན་ལ་རམ་འདེགས་བྱས་ནས་ཡག་པོར་བསྒྲུབས་ཤིང་། གཙོ་ཤུགས་དམག་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་བསྟན་གནང་བ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་སྐབས་ས་བབ་མཐོ་ཤོས་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ས་ཡོམ་གྱི་གེགས་བར་གནས་ཚུལ་དང་གནོད་སྐྱོབ་ཆ་རྐྱེན་ཧ་ཅང་ཞན་པོ་བཅས་ཡིན་པར་དམིགས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་། ས་ཡོམ་འཕྲལ་སྡོམ་གྱི་སྔོན་ཇུས་IIརིམ་པ་དང་ལེན་མགྱོགས་མྱུར་བྱས་ཤིང་། འཕྲལ་མ་ཉིད་དུ་བློ་མཐུན་ཁྲེན་ཆོན་གོས་ཙུའུ་ཀྲང་གི་འགན་བཞེས་པའི་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་བཀོད་འདོམས་པུའུ་བཙུགས་ནས་ཡོམ་འགོག་གེགས་སེལ་ལས་དོན་གྱི་གཅིག་གྱུར་མཛུབ་ཁྲིད་དང་གཅིག་འདོམས་བཀོད་གཏོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཉེན་ཁའི་མྱུར་སེལ་གྱི་གེགས་སེལ་ནང་ཞུགས་མཁན་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ཚོས་ཡིད་ཆེས་བརྟན་པོ་དང་། རང་སྲོག་བློས་གཏོང་བྱ་རྒྱུར་མི་སྐྲག་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཐོག་ཏང་སྲིད་དམག་ཉེན་དམངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་མཉམ་ཤུགས་ཆགས་པར་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་དེ་གོ་རིམ་ལྡན་པའི་ངང་བསྒྲུབས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།