འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་17ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང“དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པས། དེ་བོད་རིགས་མི་དམངས་ཚུད་པའི་ཀྲུང་གོ་ཡོངས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འགལ་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་བོད་དེ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་ཐུབ་པ་བྱུང་བ་མ་ཟད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི“བོད་རང་བཙན”གྱི་ཐབས་ཇུས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་འཁོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། དུས་རབས་20པའི་ལོ་རབས་70པའི་དུས་མཇུག་ནས་བཟུང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཞི་ལྷོད་དུ་ཕྱིན་པ་དང་ཆབས་ཅིག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་དུས་བབ་དེ་ཁོ་པ་ཚོར་ཕན་པ་མེད་པ་མཐོང་ནས་ཐབས་ཇུས་རིམ་བཞིན་སྒྱུར་འགོ་བཙུགས་ཏེ“དབུ་མའི་ལམ”ཟེར་བ་དེ་བཏོན་ནས་ཡོངས་བསྒྲགས་ཀྱི་རང་བཙན་དེ་རྣམ་པ་འགྱུར་བའི་རང་བཙན་དུ་འགྱུར་ལྡོག་བཏང་བ་རེད། ཉེ་བའི་ལོ་ཤས་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”འུད་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད་མཛེས་འཆོས་ཀྱང་བྱས་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང“དབུ་མའི་ལམ”དེ་ཐོག་མ་ནང་ཆོས་ཀྱི་ཐ་སྙད་ཡིན་ཡང་ཏཱ་ལ་སྐྱེ་ཕྲེང་བཅུ་པའི་རུ་ཚོགས་ཀྱིས་དེ་ཆབ་སྲིད་ཅན་དུ་འགྱུར་བ་རེད། “དབུ་མའི་ལམ”ནི་ཕྱི་ཚུལ་ཐོག་ཀྲུང་གོར་བོད་ཀྱི“བདག་དབང”ཡོད་པ་ཁས་བླངས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ལ“སྐྱོང་དབང”ཐོབ་ཐབས་བྱས་ཏེ་ཁོ་པ་ཚོས་ཚོད་འཛིན་བྱས་པའི“ཕྱེད་རང་བཙན”གྱི་ཆབ་སྲིད་དངོས་ཚན་བཙུགས་ཐོག“སྐྱོང་དབང”སྲ་བརྟན་ཐུབ་རྗེས“བདག་དབང”དོན་གཉེར་ཐུབ་རེ་བྱས་ཏེ་མཐར“བོད་རང་བཙན”མངོན་འགྱུར་བྱ་རྒྱུ་དེ་རེད། གོམ་སྟབས་ཕྱེ་ནས“བོད་རང་བཙན”མངོན་འགྱུར་ཡོང་བ་བྱེད་པའི་ཆབ་སྲིད་ཀྱི་རྩ་འཛིན་ལ་བརྩི་བའི“དབུ་མའི་ལམ”དེ་ཀྲུང་གོའི་ལོ་རྒྱུས་དང་། དོན་དངོས། རྩ་ཁྲིམས། བཅའ་ཁྲིམས། གཞི་རྩའི་ལམ་ལུགས་བཅས་དང་མི་མཐུན་ལ་བོད་ཀྱི་ལོ་རྒྱུས་དང་། དོན་དངོས། མི་རིགས་ཀྱི་འབྲེལ་བ་བཅས་དང་ཡང་མི་མཐུན་ཞིང་། བོད་རིགས་མི་དམངས་ཚུད་པའི་ཀྲུང་གོ་ཡོངས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་འགལ་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།