འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“བོད་ཆེན་པོ”ཞེས་པ་དེ་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ལོ་རྒྱུས་
    དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་17ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང“བོད་ཆེན་པོ”ཞེས་པ་དེ་ཀྲུང་གོའི་སྲིད་འཛིན་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད་པ་དང་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད་ཅེས་འཁོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་གཞིར་བཟུང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”གྱི་འདོད་ཚུལ་ལྐོག་ཏུ་དྲིལ་བསྒྲགས་བྱེད་སྐབས་རྟག་ཏུ“བོད་ཆེན་པོ”ཟེར་བའི་སྐོར་གླེང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་བསམ་ཚོད་ལ་གཞིགས་ན“བོད་ཆེན་པོ”དེ་གཞི་ཁྱོན་ཐོག་བྱང་ནས་ཤིན་ཅང་ལྷོ་རྒྱུད་དང་རྨ་ནུབ་དོག་ལམ་བར་དང་། ཤར་ནས་ཀན་སུའུ་དབུས་རྒྱུད་དང་སི་ཁྲོན་དབུས་རྒྱུད་བར། ལྷོ་ནས་ཡུན་ནན་དབུས་རྒྱུད་བར་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཆ་ཚང་དང་། སི་ཁྲོན་ཞིང་ཆེན་གྱི་གཉིས་ཆ་གཅིག ཀན་སུའུ་ཞིང་ཆེན་གྱི་གཉིས་ཆ་གཅིག ཡུན་ནན་ཞིང་ཆེན་གྱི་བཞི་ཆ་གཅིག་བཅས་དང་དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་བཅས་ཚུད་ཡོད་པས། སྤྱིའི་རྒྱ་ཁྱོན་ནི་ཀྲུང་གོའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཡན་ལྷག་ཙམ་ཟིན་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང“བོད་ཆེན་པོ”དེ་ཀྲུང་གོའི་སྲིད་འཛིན་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད། དེ་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དང་ཀྲུང་གོ་ཁ་ཕྲལ་གཏོང་བའི་རེ་ངན་བཅངས་པའི་ཐོན་དངོས་ཞིག་རེད། “བོད་ཆེན་པོ”དེས་མཚོ་བོད་ས་མཐོའི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་ལོ་རྒྱུས་དང་རིག་གནས་སྣང་མེད་དུ་གཏོང་བ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་མེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད། སྲིད་འཛིན་ཁུལ་དབྱེ་བ་དེ་ལས་མི་རིགས་ཁྱབ་ཚུལ་གྱི་ལོ་རྒྱུས་ཀྱི་ཁྱད་ཆོས་ལ་ལྟ་རྟོག་གང་ལེགས་ཐུབ་ཡོད་ལ། དེ་སླད་ཕྱིན་གྱི་འཕེལ་རྒྱས་ལ་དམིགས་ཡོད་པས་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་དང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་དོན་དངོས་ཀྱི་རྒྱུ་རྐྱེན། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་བཅས་ཟུང་འབྲེལ་བྱས་པ་མཚོན་ཡོད། དེས་མི་རིགས་ཁག་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་ཕན་པ་ལྡན་པས་ལམ་ལུགས་དེའི་བཀོད་སྒྲིག་ནི་ལམ་ལྷོངས་བྱུང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད་ཅེས་བསྟན་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་ཆེན་པོ”འཛུགས་རྒྱུའི་རེ་ངན་བཅངས་པ་ནི་ལོ་རྒྱུས་ལ་རྒྱབ་འགལ་བྱས་པ་མ་ཟད་དོན་དངོས་དང་རྒྱབ་འགལ་བྱས་པས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་མེད། “བོད་ཆེན་པོ”དེས་ལོ་ངོ་སྟོང་ཕྲག་རིང་ལ་མཚོ་བོད་ས་མཐོའི་ཐོག་མི་རིགས་མང་པོ་འདྲེས་སྡོད་བྱས་པའི་དོན་དངོས་སྣང་མེད་དུ་བཏང་ཡོད་ལ། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་མཚོ་བོད་ས་མཐོའི་ལོ་རྒྱུས་དེ་མི་རིགས་རྐྱང་མའི་ལོ་རྒྱུས་ཡིན་པ་འཁྱོག་བཤད་བྱས་པ་དང་། ཀྲུང་གོའི་མི་རིགས་ཁག་དབར་འགལ་ཟླ་བཟོས་ནས་མི་རིགས་གཞན་ཕྱིར་འབུད་བྱེད་པའི“བོད་ཆེན་པོ”ཁོ་ན་གཏོད་རྒྱུའི་རེ་ངན་བཅངས་པ་ནི་ཐལ་སྐྱོད་ཀྱི་མི་རིགས་རིང་ལུགས་དང་རིགས་རྒྱུད་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།