འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་འགག་སྒོ་ནས་ཐེབས་པའི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་ཞིག་ཀྲུང་གོར་
    ཕྱིར་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་སྒྱུ་རྩལ་ལས་ཁང་གི་འགན་འཛིན་ཆའོ་ཀྲི•པུའུ་ལན་ཏི་སིས་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་ཚབ་ཞུས་ཏེ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་འགག་སྒོ་ནས་ཐེབས་པའི་ཀྲུང་གོའི་ཆིང་རྒྱལ་རབས་དུས་ཀྱི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་ཞིག་ཀྲུང་གོར་རྩིས་སྤྲད་པ་དང་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཁྲའོ་ཤུས་ཀྱིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་རྩིས་བླངས་པ་རེད།
         2013ལོའི་ཟླ་5པར་ཨོ་སི་ཁྲུ་ལི་ཡའི་འགག་སྒོ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མཐའ་མཚམས་ནས་གཏོང་བའི་ཀྲུང་གོར་བདག་པའི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་ཞིག་བཀག་སྐྱིལ་བྱས་པ་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་2009ལོར་མིང་རྟགས་བཀོད་པའི<<རིག་དངོས་སྲུང་སྐྱོབ་སྐོར་གྱི་བསམ་ཤེས་དྲན་ཐོར>>གཞིགས་ནས་ཀྲུང་གོར་ཕྱིར་སྤྲོད་བྱས་པ་དེ་ནི་རྒྱལ་ཁབ་གཉིས་པོས་མཉམ་དུ་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་ནས་བཟུང་རིག་དངོས་ཕྱིར་སྤྲོད་བྱེད་ཐེངས་དང་པོ་ཡིན་པ་རེད།
         ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་སྤེལ་བའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་པུའུ་ལན་ཏི་སིས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་རིག་དངོས་སྲུང་སྐྱོང་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱས་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་གདེང་འཇོག་ཡག་པོ་གནང་ཞིང་། ཁོང་གིས་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རྩིས་སྤྲོད་ཐུབ་པ་དེས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མཉམ་དུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མཚོན་པར་བརྟེན་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་དང་ཕྱོགས་གཉིས་པོའི་གྲོས་མཐུན་ལྟར་བྱ་བ་བསྒྲུབས་ཏེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྒྱུ་རྩལ་ཐད་མཉམ་ལས་ཇེ་ཟབ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།
         ཨོ་སི་ཁྲུ་ལི་ཡ་ནི་རིག་དངོས་ཁྲིམས་འགལ་ངང་མཐའ་མཚམས་ནས་དབོར་བར་མཉམ་དུ་རྡུང་རྡེག་གཏོང་བའི་གྲོས་མཐུན་ལ་ཀྲུང་གོ་དང་མཉམ་དུ་མིང་རྟགས་འགོད་མཁན་རྒྱལ་ཁབ་18ཀྱི་གྲས་ཤིག་ཡིན་ལ་ཀྲུང་གོའི་རིག་དངོས་ཕྱིར་གྱར་ཡུལ་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཀྱང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།