འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རིགས་གཅིག་མཁས་ཅན་གྱིས་མ་རྩ་དང་འཛད་སྤྱོད་དེ་ཀྲུང་གོའི་དཔལ་
    འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁྱད་ཆོས་གསར་པར་
    འགྱུར་རྒྱུ་རེད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོས་བཟོས་པ”དེ་གོ་ལ་ཧྲིལ་པོར་ཁྱབ་རྗེས་མ་འོངས་པར་མ་རྩ་དང་འཛད་སྤྱོད་དེ་ཀྲུང་གོའི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁྱད་ཆོས་གསར་པར་འགྱུར་རྒྱུ་རེད་ཅེས་ཨ་རིའི་ཐང་ཕུའུ་ཅིན་སི་རྒྱལ་སྤྱིའི་བློ་འདྲི་ཀུང་སིའི་ཙུང་ཚའེ་གཞོན་པ་མའེ་ཁེར•ཀྲ་ཁུར་གྱིས་ཉིན་ཤས་གོང་བཤད་པ་རེད།
         ཚེས་3ཉིན་ཉིའུ་གཡོད་ཀྲོའུ་བཙུགས་སློབ་ཆེན་ཚོང་དོན་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་པའི“2015ལོའི་ཀྲུང་གོས་གོ་ལ་ཧྲིལ་པོར་རྒྱང་ལྟ་བྱེད”ཅེས་པའི་གྲོས་བསྡུར་ཚོགས་འདུའི་ཐོག་ཀྲ་ཁུར་གྱིས་ཀྲུང་གོར་ཨ་སྒོར་དུང་ཕྱུར་ཁྲི་4ཙམ་གྱི་ཕྱི་དངུལ་གྲབས་གསོག་འབོར་ཆེན་ཡོད་པ་དང་མིག་སྔར་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་དེ་ཨ་རིའི་ཕུད་པའི་གཉིས་པ་ཡིན་པས་མ་འོངས་པར་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། ད་ཆ་གློག་རྡུལ་ཚོང་དོན་སོགས་ཀྱི་ཐབས་ལམ་གྱིས་ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད། 
         2014ལོར་ཀྲུང་གོས་ཕྱི་རྒྱལ་གྱི་ཐད་གཏོང་མ་དངུལ་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་1200ལས་བརྒལ་ནས་ཕྱི་རྒྱལ་གྱིས་ཐད་ཀར་མ་དངུལ་འཇོག་པའི་རྒྱལ་ཁབ་ཨང་དང་པོར་གྱུར་པ་རེད། དུས་མཚུངས་ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་1400ཟིན་ནས་མ་རྩ་ཕྱིར་གཏོང་རྒྱལ་ཁབ་ཏུ་ཐེངས་དང་པོར་གྱུར་པ་རེད། ཀྲ་ཁུར་གྱིས་རྒྱལ་ཁབ་དེ་བས་མང་བས་ཀྲུང་གོའི་མ་རྩ་འགུགས་པའི་གལ་ཆེའི་རང་བཞིན་ཚོར་བ་དང་དུས་མཚུངས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཕྱིར་སྐྱོད་པའི་གོ་སྐབས་ཆེན་པོའང་མཐོང་ཐུབ་པ་རེད། 2015ལོ་དེ་ཀྲུང་གོའི་ཁེ་ལས་ཕྱིར་སྐྱོད་པའི་ལམ་ཚད་རྡོ་རིང་གི་ལོར་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཀྲ་ཁུར་གྱིས་མ་འོངས་པར་སྒྱུར་བཅོས་ཁག་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་ཀྲུང་གོའི་འབྱོར་འབྲིང་རིམ་གྲས་སྔར་བས་སྟོབས་ཆེར་འགྲོ་རྒྱུ་དང་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་རུ་འགྲོ་རྒྱུ་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཕན་པ་ཡོད་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེགས་སྐྱེས་གལ་ཆེན་འབུལ་རྒྱུའང་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།