མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་
པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་
པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་བཞིན་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་ཆེན་ཐོག་ལས་དོན་སྙན་ཞུ་གནང་བ་རེད། ཚོགས་འདུའི་ཐོག་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་འཆར་ཟིན་སྐོར་གྱི་གསལ་བཤད་གསན་པ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         སྙན་ཞུའི་ནང་ཀྲང་ཏེ་ཅང་གིས་འདས་ཟིན་པའི་ལོ་དེའི་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་བསྟུན་ནས་ཁྲིམས་ལྟར་འགན་དབང་སྒྲུབ་པ། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་ནན་ཏན་ངང་ལེགས་སྒྲུབ་བཅས་བྱས་པར་བརྟེན་ཕྱོགས་ཁག་གི་ལས་དོན་ཚང་མར་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་ཕྱོགས་བདུན་གྱི་ཐོག་ནས་འདས་ཟིན་པའི་ལོ་དེའི་གཙོ་བོའི་ལས་དོན་ཕྱིར་དྲན་གནང་བ་སྟེ། གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་ཕྱིན་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེ་རུ་བཏང་བ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་དང་པོ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་བཅས་དང་། གཉིས་ནི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེ་དམ་འཛིན་བྱས་ནས་ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཀྱི་གཙོ་གནད་མངོན་པ་བྱས་ཏེ་ཁྲིམས་འཛུགས་ཀྱི་གོམ་སྟབས་མགྱོགས་སུ་དང་། ཁྲིམས་འཛུགས་ཀྱི་ལམ་སྲོལ་འཐུས་ཚང་། ཁྲིམས་འཛུགས་ཕན་འབྲས་མཐོར་གཏོང་བཅས་བྱས་པར་བརྟེན་ཁྲིམས་འཛུགས་གལ་ཆེན་ཁག་གཅིག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱས་ཏེ་ཚན་རིག་ལ་བརྟེན་ནས་ཁྲིམས་འཛུགས་དང་དམངས་གཙོར་བརྟེན་ནས་ཁྲིམས་འཛུགས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། ལོ་གཅིག་རིང་བཅའ་ཁྲིམས་འཆར་ཟིན་ཁྱོན་ཉི་ཤུར་གྲོས་ཞིབ་དང་། བཅའ་ཁྲིམས་བཅུར་བཟོ་བཅོས། བཅའ་ཁྲིམས་གཉིས་གཏན་འཁེལ། བཅའ་ཁྲིམས་འཆད་འགྲེལ་ཐེངས་བརྒྱད་བྱས་པ། གསུམ་ནི་ཁྲིམས་ལྟར་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་གཏན་འཁེལ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་འདེམས་བསྐོ་དང་། ཉེས་དོན་གྱོད་གཞི་མགྱོགས་མྱུར་ཁྲུན་ཐག་གཅོད་རྒྱུའི་བརྒྱུད་རིམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་གནས་སྐབས་ལེགས་སྒྲིག་དང་ལག་བསྟར་བྱ་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ཐད་དབང་སྐུར་རྒྱུ་སོགས་ཀྱི་གནད་དོན་གཏན་འཁེལ་བཅས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཡང་དག་ལག་བསྟར་དང་འབྲེལ་ཡོད་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་འགན་ལེན་བྱས་པ། བཞི་ནས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་འགན་དབང་བསྒྲུབས་པ་དང་། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད། སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། ལྟ་སྐུལ་གྱི་ལས་ཀའི་བྱེད་ཐབས་འཐུས་ཚང་དུ་བཏང་བ་བཅས་བྱས་ཡོད། ལོ་དེའི་ནང་“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་སྙན་ཞུ་ཁྱོན་13ཉན་པ་དང་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་བཞི་ལག་བསྟར་བྱས་ཚུལ་ལ་བརྟག་དཔྱད། ཆེད་དོན་ཇུས་འདྲི་ཐེངས་གསུམ་བྱས་པ། ཆེད་དོན་བརྟག་དཔྱད་ཐེངས་བཞི་བྱས་པ། ལྔ་ནི་འཐུས་མིའི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་བྱས་ཏེ་འཐུས་མིའི་ཞབས་ཞུ་དང་འགན་སྲུང་ལས་དོན་ཆུ་ཚད་མཐོ་རུ་བཏང་བ། དྲུག་ནི་ས་གནས་མི་དམངས་འཐུས་ཚོགས་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཆེད་དོན་བརྟག་ཞིབ་སྤེལ་ནས་སློབ་སྦྱོང་གསོ་སྦྱོང་དང་ལས་དོན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་གནས་ཚུལ་དང་ལས་དོན་སྙན་ཞུར་འཆར་ཟིན་འགོད་སྐབས་ས་གནས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ། བདུན་ནི་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཕྱི་ཕྱོགས་དང་སྤེལ་རེས་བྱ་རྒྱུ་དང་གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤྱི་འདོམས་ཐོག་ནས་སྤེལ་བ་བཅས་རེད།
         སླད་ཕྱིན་ལོ་གཅིག་གི་ལས་དོན་གྱི་སྐོར་གླེང་སྐབས་ཀྲང་ཏེ་ཅང་གིས་2015ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ནུས་ལྡན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ལས་དོན་ཧུར་ཐག་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པའི་ནང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་རྩ་ཁྲིམས་ཀྱིས་སྲོག་ཤིང་དུ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། བཅའ་ཁྲིམས་ལག་བསྟར་བྱས་ཚུལ་དང“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཐུས་མིའི་ལས་དོན་ཟབ་ཏུ་དང་རྒྱ་ཆེར་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་ནས་2015ལོའི་ལས་དོན་གཙོ་བོ་རྒྱས་བཤད་གནང་བ་རེད།
         ཀྲང་ཏེ་ཅང་གིས་ཧོ་ནན་ཧང་དབྱང་དུ་ཐོན་པའི་འདེམས་བསྐོར་གཏོར་བཤིག་གཏོང་བའི་གྱོད་གཞི་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། གྱོད་གཞི་དེའི་བསླབ་བྱ་ནི་ཧ་ཅང་ཟབ་པས་ངེས་པར་དུ་དེ་བསླབ་བྱར་བྱེད་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱེད་དགོས། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འཐུས་མིའི་འགག་སྒོ་ནན་པོ་སྲུང་བ་དང་། ཁྲིམས་ལྟར་བྱ་བ་ནན་པོ་བསྒྲུབ་རྒྱུ་མཐའ་འཁྱོངས། རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས། འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འདེམས་བསྐོའི་ལས་དོན་གྱི་སྤྱོད་ཚུལ་བཟང་པོ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོས་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གསལ་བཤད་གནང་བ་རེད།
         ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་ལས་ཀའི་བརྒྱུད་རིམ་གསལ་བཤད་གནང་རྗེས་ལི་ཅན་གོས་ཕྱོགས་6གི་ཐོག་ནས་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ནང་དོན་གཙོ་བོ་སྟེ། གཅིག་ནི་ཁྲིམས་འཛུགས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཁྲིམས་འཛུགས་དང་སྒྱུར་བཅོས་ཀྱི་ཐབས་ཇུས་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་དང་། ཆུས་བཙུགས་ཡོད་པའི་གྲོང་ཁྱེར་གྱི་ས་གནས་ཀྱི་ཁྲིམས་འཛུགས་ཀྱི་དབང་ཆ་སྤྲོད་རྒྱུ། ཁྲལ་འབབ་ཀྱི་ཁྲིམས་གཏན་རྩ་དོན་དོན་འཁྱོལ་བྱ་རྒྱུ། སྡེ་ཚན་གྱི་སྒྲིག་སྲོལ་དང་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་དབང་ཆ་ཚད་ལྡན་དུ་གཏོང་རྒྱུ་ཚུད་ཡོད། གཉིས་ནི་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ། གསུམ་ནི་ཚན་རིག་ལ་བརྟེན་ནས་ཁྲིམས་འཛུགས་དང་དམངས་གཙོར་བརྟེན་ནས་ཁྲིམས་འཛུགས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། བཞི་ནི་སྲིད་འཛིན་ཁྲིམས་སྲོལ་གྱི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ་དང་བཟོ་རྒྱུ། ལྔ་ནི་ཐོ་འགོད་སྙན་སེང་གི་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་རྒྱུ། དྲུག་ནི་ཁྲིམས་འཛིན་འཆད་འགྲེལ་ཚད་ལྡན་དུ་གཏོང་རྒྱུ་དང་ལྟ་སྐུལ་བྱ་རྒྱུ་བཅས་གསལ་བཤད་གནང་བ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུ་འགོ་ཚུགས་སྐབས་ཧྲེན་གཡོད་གཡོད་ཀྱིས་དེ་རིང་ནི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་བུད་མེད་ཀྱི་འཐུས་མི་དང་། བུད་མེད་ཀྱི་ཨུ་ཡོན། བུད་མེད་ཀྱི་ལས་དོན་མི་སྣ། རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།