འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 17:17】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན་གྱི་ཆུ་ཚོད་16པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་དང་།ཞིང་ལས་པུའི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་གསར་འགྱུར་མགྲིན་ཚབ་པ་པེ་མའེ་ཅ་ཡིས“སྒྱུར་བཅོས་གསར་གཏོད་ལ་སྐུལ་སྤེལ་བཏང་ནས་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི”འབྲེལ་ཡོད་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         “ད་ཆའི་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དུས་བབ་ཧ་ཅང་བཟང་པོ་ཡོད”ཅེས་ཡུས་ཤིན་རུང་གིས་འབྲུ་རིགས་བདེ་འཇགས་ཐད་བཏོན་པའི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་དེ་ལྟར་ངོ་སྤྲོད་གནང་ཞིང་། ཁོང་གིས་2014ལོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར“ལོ་བཅུ་གཅིག་བསྟུད་མར་འཕར་རྒྱུ”མངོན་འགྱུར་བྱུང་ཞིང་། དེའི་ནང་ཟིན་ཐོ་གསར་པ་འགའ་ཞིག་བཏོད་ཡོད་པ་སྟེ། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཐད་ཟིན་ཐོ་གསར་པ་བཏོད་དེ་ན་ནིང་རྒྱ་མ་དུང་ཕྱུར་12142ཟིན་པ་དང་། མུའུ་རེའི་འབྲུ་རིགས་ཐོན་ཚད་ཐད་ཟིན་ཐོ་གསར་པ་བཏོད་དེ་སྤྱི་རྒྱ་359ཟིན་པ། མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ནས་རྒྱ་མ་900ཙམ་ཟིན་ཡོད་ཅེས་གསུངས་པ་རེད།
         རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་བརྟན་པོའི་ངང་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་མཐོ་པོར་སླེབས་ཡོད་རུང་འབྲུ་རིགས་ནང་འདྲེན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་ཡུས་ཤིན་རུང་གིས་གསལ་འགྲེལ་གནང་བ་དང་། ཁོང་གིས་ན་ནིང་འབྲུ་རིགས་ནང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ཟིན་ཡོད་མོད། འོན་ཀྱང་ནང་འདྲེན་བྱེད་ཚད་70%ཡན་ནི་རྒྱ་སྲན་ཡིན་པ་དང་འབྲུ་རིགས་ནང་འདྲེན་བྱེད་ཚད་ཀྱིས་ལོ་དེའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་གྱི་3.2%ཙམ་ལས་ཟིན་མེད། ན་ནིང་ནང་འདྲེན་བྱེད་པའི་ཐད་ཟིན་ཐོ་གསར་པ་བཏོད་པ་དང་དེའི་རྒྱུ་མཚན་ནི་རྒྱལ་སྤྱིའི་ཁྲོམ་རའི་འབྲུ་རིགས་སྣ་ཁའི་རིན་གོང་ཡོངས་ཁྱབ་ངང་རྒྱལ་ནང་ལས་དམའ་བ་ཡོད་པས་རེད་ཅེས་གསུངས་པ་རེད།
         ཡུས་ཤིན་རུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པས་བཏོན་པའི་ཞིང་པར་འབབ་འཕར་ཡོང་བ་བྱེད་པའི་སྐོར་གྱི་གནད་དོན་ལ་ལན་བསྐྱོན་སྐབས་2014ལོར་རང་རྒྱལ་གྱི་ཞིང་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་9892ཟིན་པ་དང་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག་9.2%འཕར་ནས་ཐེངས་དང་པོར“ལོ་བཅུ་གཅིག་བསྟུད་མར”འཕར་བ་དང་འཕར་ཚད་དེ་ལོ་ལྔ་བསྟུད་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་མགྱོགས་པ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བལྟོས་བཅས་ཧེ་བག་དེ་2009ལོའི་3.33∶1ནས་ན་ནིང་གི་2.92∶1བར་ཆུང་དུ་ཕྱིན་ཡོད། དེའི་ཐོག་ནས་ད་ཆ་ཏང་གི་གྲོང་གསེབ་སྲིད་ཇུས་དང་ཞིང་ལས་འཕེལ་རྒྱས་ཀྱི་དུས་བབ་ཧ་ཅང་བཟང་པོ་ཡོད་པ་གསལ་བཤད་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         “ཞིང་པའི་ཡོང་འབབ་ད་དུང་མུ་མཐུད་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད”ཅེས་ཡུས་ཤིན་རུང་གིས་གསུངས་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་མུ་མཐུད་དེ་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་ནས་འབྲུ་རིགས་ཀྱི་ཉོ་སྒྲུབ་རིན་གོང་དམའ་མཐའི་སྲིད་ཇུས་དང་གནས་སྐབས་གྲབས་གསོག་གི་སྲིད་ཇུས་བརྟན་དུ་གཏོང་བ་དང་།དམིགས་ཚད་རིན་གོང་ཚོད་ལྟའི་ལས་དོན་གཏིང་ཟབ་སྤེལ་བ། དམིགས་ཚད་རིན་གོང་གི་ཁ་གསབ་སྤྲོད་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིང་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན། སྔར་ལས་ལྷག་པའི་ངང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་ཤུགས་ཆེ་རུ་གཏོང་བ་དང་།སྔར་ལས་ལྷག་པའི་ངང་ཞིང་པ་ལས་ཞུགས་དང་ལས་གཏོད་ཐུབ་རྒྱུར་སྐུལ་སྤེལ་གཏོང་བ། སྔར་ལས་ལྷག་པའི་ངང་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐོག་ནས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཙོ་གནད་དུ་བཞག་སྟེ་གནད་ལ་འཁེལ་བའི་ངང་དབུལ་སྐྱོར་བྱས་ནས་ས་ཁུལ་དབུལ་པོའི་ཞིང་པའི་འཚོ་བ་ལེགས་སུ་དང་ཡོང་འབབ་མང་དུ་གཏོང་དགོས”ཞེས་གསུངས་པ་རེད།
         གཞི་རྒྱུ་སྒྱུར་བའི་ཞིང་ཞོར་ཐོན་རྫས་སྐོར་གྱི་གནད་དོན་ལ་ལན་བསྐྱོན་སྐབས་ཡུས་ཤིན་རུང་གིས་རང་རྒྱལ་གྱིས་གཞི་རྒྱུ་སྒྱུར་བའི་སྲིང་བལ་དང་ཤིང་ཏོག་བིལ་པ་ཚོང་ལས་རྣམ་པའི་འདེབས་འཛུགས་ལ་མ་གཏོགས་ཆོག་མཆན་སྤྲད་མེད། ཞིང་ལས་པུས་གཞི་རྒྱུ་སྒྱུར་བའི་གནད་དོན་ཐད་འཛིན་པའི་རྣམ་འགྱུར་ནི་ཞིབ་འཇུག་ཐད་རྒྱབ་སྐྱོར་དང་།  ཁྱབ་སྤེལ་ཐད་གཟབ་ནན། ཁྲིམས་ལྟར་དོ་དམ་བཅས་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད།
         ཡུས་ཤིན་རུང་གིས་གཞི་རྒྱུ་སྒྱུར་བ་ནི་ལག་རྩལ་གསར་པ་ཞིག་ཡིན་ལ་ཐོན་ལས་གསར་པ་ཞིག་ཀྱང་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། རང་རྒྱལ་ནི་ཞིང་ལས་ཐོན་སྐྱེད་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་ཞིང་ལས་ཐོན་རྫས་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན་པའི་ཁར་མི་འབོར་མང་ལ་ས་ཞིང་ཉུང་བ་དང་ཆུ་དཀོན་པ་དང་།ཆུ་ལོག་དང་ཐན་སྐྱོན་ཡང་སེ་ཐོན་པ། ནད་དང་འབུའི་གནོད་པ་ཡང་སེ་ཐོན་པས་འབྲུ་རིགས་སོགས་ཀྱི་ཞིང་ཞོར་ཐོན་རྫས་གཙོ་བོ་ཡུན་རིང་ནུས་ལྡན་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་ཆེད་ངེས་པར་དུ་ཚན་རྩལ་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་དེ་གཞི་རྒྱུ་སྒྱུར་བའི་མཐོ་གསར་ལག་རྩལ་ཐད་ངེས་པར་དུ་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཡུས་ཤིན་རུང་གིས་མིག་སྔར་ཞིང་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་བདེ་འཇགས་དོ་དམ་ཚད་ལྡན་གོ་རིམ་ལྡན་པ་དང་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། རང་རྒྱལ་གྱིས་<<ཞིང་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཁ་བྱང་གི་མཚོན་རྟགས་>>ཀྱི་ཚད་གཞི་བཏོན་ནས་ཁྲིམས་ལྟར་གཞི་རྒྱུ་སྒྱུར་བའི་རྒྱ་སྲན་དང་། མ་རྨོས་ལོ་ཏོག པད་ཁ། སྲིང་བལ། ཀྲོ་མ་ཀྲུའུ་སོགས་ཞིང་ལས་སྐྱེ་དངོས་རིགས་ལྔ་ཡི་ཐོན་རྫས་17ལ་དཀར་ཆག་གཞིར་བཟུང་བཙན་ཤེད་ཀྱིས་མཚོན་རྟགས་འགོད་དུ་བཅུག་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་ཡུས་ཤིན་རུང་གིས་སྤྱི་ཡོངས་ནས་བལྟས་ཚེ་རང་རྒྱལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་དང་འཛད་སྤྱོད་པའི་བདེ་འཇགས་ལ་འགན་ལེན་ཡོད།ཉེ་བའི་ལོ་ཤས་རིང་ཞིང་ལས་པུས་རང་རྒྱལ་གྱི་སྔོ་ཚལ་དང་། སྒོ་ཕྱུགས་་དང་ཁྱིམ་བྱ། ཆུའི་ཐོན་རྫས་བཅས་ཀྱི་སྤུས་ཚད་བདེ་འཇགས་ལ་འཐེན་བཤེར་བྱས་པའི་ཚད་ལོན་ཚད་ནས་བལྟས་ཚེ་96%ཡན་རྩ་བའི་ཆ་ནས་བརྟན་པོ་ཡོད་པ་མ་ཟད། ཚད་གཞི་དེ་ད་དུང་མུ་མཐུད་ལེགས་སུ་ཕྱིན་ཏེ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་དང་ཁོང་གིས“ལོ་དེ་དག་ནང་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་ཀྱི་བདེ་འཇགས་དོན་རྐྱེན་ཟམ་མི་ཆད་པར་ཉུང་དུ་འགྲོ་བཞིན་ཡོད་པ་དང་ལྷག་་པར་དུ་ཆེད་དོན་བཅོས་སྒྲིག་ནན་པོ་ཁག་གཅིག་བྱས་པ་དང་སྤུས་ཚད་བདེ་འཇགས་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ཤ་སྣག་སྐྱེ་སྨན་གྱི་དོན་རྐྱེན་དང་སན་ཅུས་ཆིན་ཨན་སོགས་ཁྲིམས་འགལ་གྱི་སྦྱོར་རྟའི་གནད་དོན་ཚོད་འཛིན་ཡག་པོ་ཐུབ་པ་ཚང་མས་དོ་སྣང་བྱུང་ཡོད་ཤག་རེད། ལྷག་པར་དུ་ཞིང་ཞོར་ཐོན་རྫས་ཀྱི་ཐོན་སྐྱེད་མཁན་གྱི་སྤུས་ཚད་ཀྱི་འདུ་ཤེས་དང་། འཛད་སྤྱོད་པའི་བདེ་འཇགས་འདུ་ཤེས། རང་རྒྱལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་ཚད་གཞི་ཅན་གྱི་འཛུགས་སྐྱོང་བཅས་ཚང་མ་བརྟན་པོའི་ངང་ཡར་རྒྱས་འགྲོ་བཞིན་ཡོད་པ་དེ་ང་ཚོས་མཐོང་ཐུབ་པ་བྱེད་དགོས”ཞེས་གསུངས་པ་རེད།
         ཡུས་ཤིན་རུང་གིས་ཞིང་ལས་པུས་ལོ་6བསྟུད་མར་འོ་མ་སོས་པའི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་དང་ལྟ་སྐུལ་ཚད་ལེན་གྱི་འཆར་གཞི་ལག་བསྟར་བྱས་ཏེ་ཁག་ཐེངས་ཁྲི་12.5འཐེན་བཤེར་བྱས་འབྲས་ལས་འོ་མ་སོས་པའི་སྤུས་ཚད་བདེ་འཇགས་གནས་ཚུལ་ནི་བློས་འགེལ་ཆོག་པ་ཞིག་ཡོད་པ་མ་ཟད། ད་དུང་ཡག་ཏུ་འགྲོ་བཞིན་ཡོད་པ་མངོན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།