མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཞིས་ཅིན་ཕིང་གིས་སྔ་རྗེས་སུ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱ་གར་གྱི་ཕྱི་འབྲེལ་
པུའུ་ཀྲང་ལ་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་དང་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་སོ་སོ་དང་མཇལ་འཛོམས་གནང་བ་རེད།
       ཞིས་ཅིན་ཕིང་གིས་ལ་ཕུའུ་ལུའོ་ཕུའུ་ལ་ཙུང་ཐུང་ཕུའུ་ཅིང་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་ཨུ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལོ་གསར་པའི་ནང་རང་ཉིད་ཀྱིས་ཙུང་ཐུང་ཕུའུ་ཅིང་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་ཚང་མ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
       ཞིས་ཅིན་ཕིང་གིས་འདི་ལོ་ནི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་ཡག་པོ་གཉེར་ནས་འཛམ་གླིང་དམག་ཆེན་གཉིས་པའི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་ང་བྱ་ལུགས་མཚོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
       ལ་ཕུའུ་ལུའོ་ཕུའུ་ཡིས་ཞིས་ཅིན་ཕིང་ལ་ཙུང་ཐུང་ཕུའུ་ཅིང་གི་སྨོན་འདུན་བཟང་པོ་དང་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ན་ནིང་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཞལ་འཛོམས་ཐེངས་ལྔ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དབར་རིམ་པ་མཐོ་ཤོས་སུ་ཐུན་མོང་གི་ངོས་འཛིན་ཆགས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཨུ་ཀྲུང་མཉམ་ལས་དེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་འབྲེལ་ཡོད་བྱེད་སྒོ་ཡག་པོ་གཉེར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་རྩ་དོན་དང་དམིགས་ཡུལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་དང་མཇལ་འཛོམས་གནང་སྐབས་ན་ནིང་ཟླ་དགུ་པར་རང་ཉིད་རྒྱ་གར་དུ་འཚམས་འདྲི་བྱེད་རིང་རྒྱ་གར་སྲིད་གཞུང་དང་མི་དམངས་ཀྱི་སེམས་རྩ་འཁོལ་ལ་མཛའ་གྲོགས་ཀྱི་སྣེ་ལེན་གནང་བ་དེ་ད་ལྟའང་གསལ་ལྷང་ངེར་དྲན་གྱི་འདུག ཐེངས་དེའི་འཚམས་འདྲི་མཚོན་རྟགས་སུ་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་དོན་འཁྱོལ་བྱུང་ནས་ཕྱོགས་གཉིས་ཀྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་ཀྱི་རྣམ་པ་ཧ་ཅང་བཟང་པོ་ཡོད་ཅེས་གསུངས་པ་རེད།
      ཞིས་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་བརྟན་པོ་བྱུང་བ་དེ་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་གནད་དོན་གལ་ཆེན་ཁག་གཅིག་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་པ་ལས་བྱུང་བ་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མུ་མཐུད་འབྲེལ་བ་དང་སྤེལ་རེས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས། ཙུང་ལི་མུའུ་ཏི་སྔ་ཙམ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུར་རང་ཉིད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
       སི་ཝ་ལ་ཅེ་ཡིས་ན་ནིང་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱ་གར་དུ་འཚམས་འདྲིར་ཕེབས་པ་དེ་རྒྱ་གར་དང་རྒྱ་གར་མི་དམངས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་རེད། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་བཞིན་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོས་མུ་མཐུད་རྒྱ་གར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དོ་སྙོམས་མེད་པའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།