མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་
སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་
སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་
ནས་སྐུལ་སྤེལ་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་སློབ་འགོ་ཚུགས་པའི་
མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་03ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་
སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་
སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་
ནས་སྐུལ་སྤེལ་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་སློབ་འགོ་ཚུགས་པའི་
མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་2ཚེས་2ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཞིབ་གྲོས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་གཏོང་བའི་ཐད་འགན་འཁྲི་གལ་ཆེན་ཁུར་ཡོད་པས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་སྐབས་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་ཞེས་པའི་“གནད་འགག་ཆེ་བའི་གྲངས་ཉུང་”འདི་དམ་འཛིན་ལེགས་པོ་བྱ་དགོས། འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་ཀྱི་དཔེ་བཟང་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་ཞིབ་གྲོས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་མཛད་སྒོར་ཞུགས་པ་རེད། 
      ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་སྤྱི་དང་ལྷག་པར་དུ་ཏང་གིས་ཚོགས་ཆེན་བཅོ་ལྔ་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་དོན་བཏོན་པ་ནས་བཟུང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྱོང་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད། དེ་དང་དུས་མཚུངས་སུ་དངོས་ཡོད་འཚོ་བའི་ནང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཅུང་ཞན་པས། ཁ་ཤས་ལ་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་འཛིན་དུས་གཟབ་ནན་མི་བྱེད་པ་མ་ཟད། ཉེར་ཕྱོགས་ཁྲིམས་འགལ་བྱེད་པ་སོགས་ཀྱི་གནད་སོན་བྱུང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་སྙན་གྲགས་ལ་གནོད་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་དར་བའི་ཁྱབ་ཁོངས་བཅས་ཀྱི་རྒྱུན་ལྡན་སྒྲིག་ལམ་དཀྲུགས་པ་རེད། དེར་བརྟེན་འགོ་ཁྲིད་ལས་བྱེད་པ་ཚང་མས་འཕྲལ་དུ་རྨོངས་གཉིད་ལས་སད་པ་དང་བྱ་སྤྱོད་སྤེལ་ནས་ཁྲིམས་སྐྱོང་ནན་ཞིང་མངོན་གསལ་བྱས་མེད་པའི་གནད་དོན་ཡོ་བསྲང་དང་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན་གནང་བ་རེད།  
      ཞིས་ཅིན་ཕིང་གིས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱི་དད་སེམས་དང་། ཆོད་སེམས། བྱ་སྤྱོད་བཅས་ནི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཁྲིམས་བཀུར་གྱི་དཔེ་བཟང་བྱས་ཏེ་སྣེ་ཁྲིད་ཀྱིས་ཁྲིམས་སྐྱོང་ལ་་བརྩི་བཀུར་དང་ཁྲིམས་ལུགས་ལ་བཀུར་ཞིང་སྐྲག་པ་དང་། ཁྲིམས་སྦྱོང་གི་དཔེ་བཟང་བྱས་ཏེ་སྣེ་ཁྲིད་ཀྱིས་ཁྲིམས་ལུགས་ཤེས་རྟོགས་དང་ཁྲིམས་ལུགས་ཁོང་དུ་ཆུད་པ། ཁྲིམས་སྲུང་གི་དཔེ་བཟང་བྱས་ཏེ་སྣེ་ཁྲིད་ཀྱིས་སྒྲིག་བརྩི་ཁྲིམས་སྲུང་དང་ཁྲིམས་སྐྱོང་སྲུང་སྐྱོང་། ཁྲིམས་སྤྱོད་ཀྱི་དཔེ་བཟང་བྱས་ཏེ་སྣེ་ཁྲིད་ཀྱིས་ཁྲིམས་སྐྱོང་ལག་བསྟར་དང་ཁྲིམས་ལྟར་ལས་སྒྲུབ་བཅས་བྱ་དགོས་ཞེས་ནན་བཤད་གནང་བ་རེད།