འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འདི་ལོར་སྒོར་དུང་ཕྱུར་20བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་
    རྒྱས་སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱིས་སྐོང་ཚོགས་བྱས་པའི“ཚོགས་འདུ་གཉིས”ཀྱི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོར་མཚོ་སྔོན་གྱིས་སྒོར་དུང་ཕྱུར་20བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་མུ་མཐུད་རྒྱས་སྐྲུན་བྱས་ཏེ་ཞིང་འབྲོག་ཁུལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་རྩིས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་མཚོ་སྔོན་གྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དོ་དམ་བདག་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཞིང“མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ”དང“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་རིམ་སྤོར་ཅན་བཏོད་ཅིང་། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་21.88བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་5897གསར་དུ་བསྐྲུན་པའི་ཁར་དམངས་བདེ་ཟམ་པ་261བརྒྱབ་པས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་58502ཟིན་པ་དང་ཤང་དང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད་96%དང་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་82.8%ཟིན་ཡོད་པ་དང་། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་གི་མཚོ་ཁུག་རྣམ་པའི་རླངས་འཁོར་སྒུག་ཚུགས་ཁག་གཅིག་གཅིག་སྡུད་ཐོག་བསྐྲུན་ནས་བེད་སྤྱོད་བྱེད་འགོ་ཡང་ཚུགས་ཡོད་པ་རེད། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཅན་གྱི་འཁོར་སྐྱོད་ལམ་ཐིག་242ཤར་གཏོང་བྱས་པར་རླངས་འཁོར་1303བཀོད་སྒྲིག་བྱས་པས་མང་ཚོགས་ཁྲི་200ལྷག་ཙམ་ལ་བདེ་འཇགས་དང་། སྟབས་བདེ། གོང་ཁེ་བཅས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད།“གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པ”ནས“ཤང་དང་གྲོང་རྡལ་ཚང་མར་ཤར་གཏོང་ཐུབ་པའི”བར་དང་གྲོང་གསེབ་ཀྱི་གཞུང་ལམ་བདེ་འཇགས་འགན་ལེན་ལས་གྲྭ་ནས་ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚུགས་འཛུགས་སྐྲུན་བར་གྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྣམ་པ་ལེགས་སུ་ཕྱིན་ནས་མི་སེར་ཕྱིར་སྐྱོད་བྱེད་སྐབས་སྔར་བས་སྟབས་བདེ་བྱུང་ཡོད་པ་རེད།
         2015ལོར་མཚོ་སྔོན་གྱིས་རྫོང་ཁག་དང་མི་དམངས་ཀྱི་གནས་ཚུལ་ལ་གཞི་བཙུགས་ནས་གྲོང་གསེབ་ཀྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་བྱེད་མགྱོགས་སུ་བཏང་བ་དང་། འདི་ལོ་གྲོང་གསེབ་ཀྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་20ཡན་བཏང་ནས་གཞུང་ལམ་སྤྱི་ལེ་5000ཡན་རྒྱས་སྐྲུན་དང་དམངས་བདེ་ཟམ་པ་200ཡན་བརྒྱབ་ནས་གྲོང་གསེབ་ཀྱི་གཞུང་ལམ་བདེ་འཇགས་འགན་ལེན་ཆུ་ཚད་དང་རང་བྱུང་གནོད་འཚེ་བཀག་འགོག་ནུས་པ་ཆེ་རུ་བཏང་སྟེ“མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ”དང“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།