མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱི་ཀྲུའུ་ཞི་
ཨེ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཧ་མའེ་ཏེ་
ཆིན་ཝང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱི་ཀྲུའུ་ཞི་
ཨེ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཧ་མའེ་ཏེ་
ཆིན་ཝང་དང་མཇལ་འཛོམས་གནང་བ།

ཟླ་1ཚེས་ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཧ་མའེ་ཏེ་ཆིན་ཝང་དང་མཇལ་འཛོམས་གནང་བ་རེད།
       ཞིས་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་205ཡི་མཐུན་སྦྱོར་སྒྲིག་གཞི་ཡིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱིས་མཐུན་སྒྲིལ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་ལས་དང་མཐུན་སྦྱོར་དམ་ཟབ་བྱས་ནས་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ཁག་གི་ཁེ་ཕན་སྲུང་སྐྱོང་དང་འཛམ་གླིང་ཨོ་ལིམ་ཕིག་ལུས་རྩལ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལུས་རྩལ་ནི་ཀྲུང་གོར་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པ་དང་ཀྲུང་གོར་ལུས་རྩལ་འཕེལ་རྒྱས་གཏོང་བ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་རེད། ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཨོ་ལིམ་ཕིག་ལུས་རྩལ་གྱིས་ཐོན་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་སྔ་རྗེས་སུ་པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་ནན་ཅིང་གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་སོགས་ཀྱི་འགྲན་བསྡུར་ཐུགས་གྲ་ལེགས་སྒྲིག་ངང་གཉེར་བས་ཀྲུང་གོ་མི་དམངས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་ལ་བཅངས་པའི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད་ཅེས་གསུངས།
        ཞིས་ཅིན་ཕིང་གིས་ཨོ་ལིམ་ཕིག་ལུས་རྩལ་དང་དེའི་དགུན་དུས་རྣམ་གྲངས་དེ་ཀྲུང་གོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་པེ་ཅིང་གྲོང་ཁྱེར་དང་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱིས་2022ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་གཉེར་རྒྱུའི་རེ་ཞུ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། པེ་ཅིང་གིས་དགུན་དུས་ཨའོ་རྩལ་འགྲན་ཚོགས་གཉེར་ནས་ཀྲུང་གོ་བ་དུང་ཕྱུར་13ལྷག་ཙམ་གངས་འཁྱགས་ལུས་རྩལ་ཁྲོད་ཞུགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
        ཨའེ་ཧ་མའེ་ཏེ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ནི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་མཐུན་ཚོགས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོས་གནའ་སྔ་མོ་ནས་བཟུང་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་གཉེར་བའི་ནུས་པ་མངོན་ཡོད། ལོ་དེ་དག་ནང་རྒྱལ་སྤྱིའི་ལུས་རྩལ་སྒྲིག་གཞིས་ཀྲུང་གོ་དང་མཉམ་ལས་བྱས་ཏེ་ཀྲུང་གོར་འགྲན་ཚོགས་གལ་ཆེན་ཧ་ཅང་མང་པོ་ཐུགས་གྲ་ལེགས་སྒྲིག་ངང་གཉེར་བ་དང་པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་ནན་ཅིང་གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་ནི་ཀྲུང་གོའི་སྤོབས་པ་ཞིག་ཡིན་ལ་ཨེ་ཤེ་ཡའི་སྤོབས་པ་ཞིག་ཀྱང་ཡིན། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་ལུས་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགུན་དུས་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུའི་པེ་ཅིང་དང་ཀྲང་ཅ་ཁོའུ་ཡི་རེ་ཞུ་ལམ་ལྷོངས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།