མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་
བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་11ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་
བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

ཟླ་1ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་དང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ། ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
      སྔ་དྲོའི་ཆུ་ཚོད་བཅུ་པར་ཚོགས་ཆེན་དེ་རྔམ་བརྗིད་ཆེ་བའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དང་ཐོག་2014ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ལས་གྲྭ་དང་དངོས་ཁམས་ཞིབ་འཇུག་ཁང་གི་མཐོ་རིམ་ཚན་རྩལ་བློ་འདྲི་བ་ཡུས་མིང་ལ་གཟེངས་བསྟོད་ལག་ཁྱེར་གནང་བ་མ་ཟད། ཁོང་ལ་སྤྲོ་སེམས་འཁོལ་པོས་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དེ་རྗེས་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། ཀྲུང་གོ་ཚན་རྩལ་བྱ་གཞག་ནང་ཞུགས་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
      ལི་ཁེ་ཆང་གིས་གསར་གཏོད་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ནམ་ཡང་དོར་ཐབས་བྲལ་བའི་གཤིས་རྒྱུད་དང་འཕེལ་རྒྱས་དང་ཡར་ཐོན་གྱི་སྒུལ་ཤུགས་ཤིག་ཡིན་པ་དང་། མི་དམངས་ནི་གསར་གཏོད་ཀྱི་གཙོ་གཟུགས་ཤིག་རེད། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་པ་དང་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པ་ཞིག་ཏུ་སླེབས་པས། འཕར་ཚད་འབྲིང་མཐོ་མཐའ་འཁྱོངས་བྱེད་པ་དང་རིམ་འབྲིང་དང་རིམ་མཐོའི་ཆུ་ཚད་དུ་སྐྱོད་པར་ངེས་པར་དུ་གསར་གཏོད་ཀྱི་འདེགས་སྐྱོར་ལ་བརྟེན་དགོས། རྒྱལ་ཁབ་དར་རྒྱས་དང་གོང་འཕེལ་གྱི་ནུས་པ་གསར་པ་དེ་ནི་མང་ཚོགས་ཀྱི་གསར་གཏོད་བྱེད་པའི་སྟོབས་ཤུགས་ཆེན་པོར་ཐུག་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་བསམ་བློ་སྔར་བས་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་འཕེལ་བ་དང་ཆེ་རུ་གཏོང་བ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་ཚང་མས་འཆམ་མཐུན་ངང་གསར་གཏོད་བྱེད་པ་དང་གསར་གཏོད་ལས་མི་ཚང་མར་ཕན་པ་ཐོབ་པ་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་མང་ཚོགས་ཀྱི་གསར་གཏོད་བྱེད་སེམས་ཤིག་ཆགས་པ་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་གང་ས་གང་དུ་སྐྱེ་སྟོབས་ཚད་མེད་དང་གསར་གཏོད་ཀྱི་གསོན་ཤུགས་ཀྱིས་ཁེངས་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
      ལི་ཁེ་ཆང་གིས་སྒྱུར་བཅོས་ནི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་རེད། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་བརྒྱུད་གསར་གཏོད་ལ་ཚོད་འཛིན་བཟོ་བའི་འཆིང་རྒྱ་མཐའ་དག་བསལ་ནས་གཙོ་གཟུགས་ཁག་གི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་གང་ལེགས་མངོན་པར་བྱེད་དགོས། གསར་གཏོད་ལ་ཡར་སྐུལ་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་མ་ལག་གང་མགྱོགས་འཐུས་ཚང་དུ་བཏང་སྟེ་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་ཁྲིམས་ལུགས་ལ་བརྟེན་ནས་གསར་གཏོད་ཀྱི་ཁེ་དབང་འགན་ལེན་བྱེད་དགོས། ཁེ་ལས་ལ་ཁྲིད་སྟོན་གྱིས་གསར་གཏོད་ཀྱི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱས་པའི་མཐུན་སྦྱོར་གསར་གཏོད་ལམ་སྲོལ་འཛུགས་པ། སྲིད་གཞུང་གིས་གཙོ་ཁྲིད་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུ་དེ་ཁྲོམ་རར་ལྟ་སྐུལ་དོ་དམ་དང་། སྟེགས་བུ་འཛུགས་སྐྲུན། སྲིད་ཇུས་ཀྱི་ཕན་པ་ཐོབ་པ་བཅས་ལ་འགྱུར་རྒྱུར་སྣང་ཆེན་བྱེད་དགོས། གདོད་མའི་གསར་གཏོད་ནུས་པར་སྔར་བས་སྣང་ཆེན་བྱས་ཏེ་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་གདོད་མའི་གསར་གཏོད་དང་། སླར་ཡང་གསར་གཏོད། གཅིག་སྡུད་གསར་གཏོད་བཅས་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      ལི་ཁེ་ཆང་གིས་གསར་གཏོད་ཀྱིས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་ལམ་སྟོན་བྱེད་ཀྱི་ཡོད། དེར་བརྟེན་མི་ནུས་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ངེས་པར་དུ་གནས་བབ་ཨང་དང་པོར་བཞག་ནས་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་སྒྱུར་བཅོས་བྱེད་པར་ཐོན་ཁུངས་དེ་བས་མང་བ་༼ མིའི་ ༽ཐོག་སྤྱོད་པ་ལས་༼ དངོས་པོའི་ ༽ཐོག་སྤྱོད་རྒྱུ་མེད། རྒྱ་མཚོ་ཆེན་པོའི་ཁོག་ཡངས་དང་ལམ་ལུགས་ཀྱི་འཆིང་རྒྱས་མི་སྡོམ་པའི་ངང་ཤེས་ལྡན་པ་ཡག་པོ་སྤྱོད་དགོས། བསླབ་པ་རྒན་གཞོན་ལ་བལྟ་བ་དང་གོ་གནས་ལ་དད་གུས་བྱེད་པ་དེ་རིགས་མེད་པ་བཟོས་ཏེ་ན་གཞོན་ཚོར་འགན་གཙོ་བོ་འཁུར་དུ་བཅུག་ཕོད་པ་དང་འབུར་དུ་ཐོན་པ་བྱེད་དགོས། འཚོལ་ཞིབ་བྱ་རྒྱུར་ལྕག་སྐུལ་བྱེད་པ་དང་། ནོར་འཁྲུལ་ལ་བསྟུན་མཁས་བྱེད་པ། རང་གཤིས་ལ་བརྩི་འཇོག་བྱེད་པ། གསར་གཏོད་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་དེ་གསར་གཏོད་དེ་རིན་ཐང་གི་ཕྱོགས་སྟོན་ཞིག་དང་། འཚོ་བ་སྐྱེལ་སྟངས་ཤིག དུས་རབས་ཀྱི་རྣམ་པ་ཞིག་བཅས་སུ་འགྱུར་བ་བྱས་ནས་རིག་གནས་གསར་གཏོད་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་༼ 2014ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་ ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་་གཏན་འབེབས་ ༽སྒྲོག་སྦྱངས་གནང་བ་རེད།