མི་དམངས་དྲ་བ།

༄༅།།ནག་ཆུས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྲིད་ཇུས་ཀྱི་སྙན་ཞུའི་
ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གྱི་ཕྱི་དྲོ་ནག་ཆུས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྲིད་ཇུས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧའོ་ཐའོ་ཡིས་ནག་ཆུའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་འགོ་བརྗོད་དུ་༼ གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་མཚམས་སྲུང་བ་དང་བོད་བརྟན་ལྷིང་གི་ལས་དོན་ལེགས་པར་སྒྲུབ་དགོས་ ༽ཞེས་འཁོད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྲིད་ཇུས་ཀྱི་སྙན་ཞུ་བྱས་པ་རེད།
       སྙན་ཞུའི་ཚོགས་འདུའི་ཐོག་ཧའོ་ཐའོ་ཡིས་བོད་ཀྱི་ས་ཁམས་དང་ཆབ་སྲིད་ཀྱི་དམིགས་བསལ་རང་བཞིན་གྱིས་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རང་བཞིན་གཏན་འཁེལ་བྱས་པ་དང་། རང་ལྗོངས་ལ་འཕྲད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ལས་འགན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ། གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་གཞིག་བཅས་ཕྱོགས་བཞིའི་ཐད་ནས་ངོ་མཚར་ཆེ་བའི་སྙན་ཞུ་གནང་བ་རེད།
       སྙན་ཞུའི་ཚོགས་འདུའི་ཐོག་གཅིག་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་གསལ་རྟོགས་བྱེད་དགོས། ཧོལ་རྒྱུག་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རྩ་བ་དེ་དམ་པོར་འཛིན་ནས་དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྲིད་ཇུས་ཀྱི་སློབ་གསོ་སྔར་ལས་ལྷག་པའི་སྒོ་ནས་སྤེལ་དགོས། རྫོང་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྲིད་ཇུས་སློབ་གསོར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་དགོས་པ། གསུམ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཐེར་འདོན་དགག་རྒྱག་གི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་གསལ་རྟོགས་ཐུབ་པའི་ཁྲིད་སྟོན་ཡང་དག་བྱས་ཏེ་ཡིན་མིན་གྱི་གནད་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་རང་རྟོགས་ངང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བསྒྲུབས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། ནག་ཆུའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། “དྲུག་ལྡན་ནག་ཆུ་གསར་པ”འཛུགས་སྐྲུན་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།