འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིད་བརྟན་འཕྲོག་པའི་སྙན་འགྱུར་སྟབས་ལེགས་མ།༼བསོད་ནམས།༽

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          བྱ་བ་བཟང་ངན་ཅི་ཞིག་ཡིན་ཡང་རྩོམ་པ་པོ་ཡི་བློ་ཡིས་འཛིན། ། ཀླད་པའི་རྒྱ་མཚོ་ཞོ་ལ་མ་འགྱུར་བརྩོན་པའི་ལྕག་གིས་ཡང་ཡང་དཀྲུག ། མཐོང་དང་ཐོས་པ་འཚོལ་ལ་མངའ་བའི་སྐྱེ་བོའི་བློ་ཡིད་འགུགས་པའི་ཕྱིར། ། ཚིག་མཇུག་སྟབས་ལེགས་མ་ཡིས་འགྲིལ་བའི་སྙན་ངག་མགྲིན་པའི་འགྱུར་གླུ་ལེན། ། རིང་ནས་ཨ་མའི་ཅ་གས་བསྐྱངས་པའི་རིན་ཆེན་ས་ལེ་སྦྲམ་གྱི་གའུ། ། སེ་འབྲུམ་མདོག་གི་བྱུ་རུའི་ཕྲེང་ཤལ་ལང་ཚོ་མཛེས་འཆོས་རྒྱན་དུ་མཚར། ། མེས་པོའི་དུས་ནས་གསོག་སྲུང་བྱས་པའི་དར་སྲབ་གོས་ཆེན་ན་བཟའི་མཛོད། ། རང་གིས་ངལ་བར་བརྟེན་དགོས་མ་བྱུང་ལོངས་སྤྱོད་ཆེ་བ་སྟབས་ལེགས་མ། ། ངལ་རྩོལ་དཔུང་པ་ས་འོག་བཅུག་སྟེ་གདོང་ལ་རྔུལ་ཆུའི་ཡུར་བུ་དྲུས། ། སྐྲ་དཀར་གཉེར་མ་གྲངས་དང་ཁ་དོག་ཕན་ཚུན་འགྲན་པའི་ཚུལ་དུ་སྣང་། ། བུ་ཚ་མི་རབས་བརྩེ་བས་བསྐྱངས་པའི་བྱས་རྗེས་གང་ཙམ་བཞག་པ་ཡི། ། ཕུན་ཚོགས་ལོངས་སྤྱོད་བུ་ཚའི་སྐལ་བ་ཚེ་རབས་འདི་ཡི་སྟབས་ལེགས་མ། ། ཀླད་ཆུང་སྐྱེ་བོ་ཕོ་གྲུང་དང་འཁྲུལ་ལེགས་ཞན་འབྱེད་པའི་རྣམ་དཔྱོད་ལྡན། ། མགོ་རྨོངས་སྐྱེ་བོ་རྫུ་བག་དང་འཁྲུལ་མཁས་བླུན་རྟོགས་པའི་རིག་པ་གསལ། ། རྨོངས་པའི་མཁས་རློམ་ཁེངས་དྲེག་ལྟ་བ་རང་དགར་འཇོམས་པའི་རིག་པ་ཟབ། ། གང་ཡང་རྩོམ་པར་འཁོན་ཐོགས་བྲལ་བའི་རིག་པ་མྱུར་བ་སྟབས་ལེགས་མ། ། རིག་ལམ་ཡང་དག་ཁུངས་བཙན་འཆད་པས་བློ་ལྡན་ཡིད་དུ་བློ་གྲོས་རྒྱས། ། རིག་པར་བཞུན་བརྡར་ནན་པོ་སྤྲས་པའི་རྩོད་པས་ལོག་རྟོགས་ཀླད་ཞོ་འགེམས། ། རིག་པའི་ཀློང་ནས་ཅི་དགར་གྲོལ་བའི་རྩོམ་གྱིས་ཀུན་ཡིད་རབ་ཏུ་འཕྲོག   རིག་པའི་གནས་ལ་མཁས་མིན་བླུན་མིན་མཁས་པའི་རྗེས་འཛིན་སྟབས་ལེགས་མ། ། ཕ་ཡི་ཕྱག་མཚན་སྨྱུ་གུ་ཐོགས་པའི་ཤེས་བྱས་འབྱོར་བ་མ་ཡིན་ཡང་། ། ཕ་མའི་ཤུལ་བཞག་མ་རྩར་གྱུར་ཏེ་མི་ཡུལ་འཚོ་བའི་ལམ་འཕྲང་དུ། ། འབྱོར་ལྡན་བུ་ཡི་མཚན་བཟང་ཐོབ་པའི་སྤོབས་པ་གཟེངས་སུ་མཐོ་བ་དེ། ། རང་གི་དཀའ་སྤྱད་འབྲས་བུ་མིན་ཡང་རང་ལ་བདག་པ་སྟབས་ལེགས་མ། ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་ཡིག་རྒྱུགས་བང་འགྲན་དོ་ར་རུ། ། རྣམ་གཡེང་ལེ་ལོས་ལོ་ཟླ་བསྐྱལ་བའི་སློབ་མས་རྒྱུགས་ཚད་ལོན་དཀའ་ཡང་། ། ཡིག་ཚད་བརྐུ་བཤུའི་སྤྱང་གྲུང་དོད་དང་ABCDའདེམས་སྒྲུག་གི ། རླུང་རྟ་རི་རབ་མཐོན་པོར་འཛེགས་པས་སྐར་གྲངས་མཐོ་བ་སྟབས་ལེགས་མ། ། དཀའ་སྤྱད་རྔུལ་ཆུའི་ཐིགས་པ་བཙགས་ནས་ཕྱུག་པོ་བྱེད་འདོད་ཡིད་ལ་མེད། ། རྫུན་དང་གཡོ་སྒྱུའི་འཁོར་ལོ་བསྐོར་འདོད་བྱ་ཐབས་མང་པོའི་ཁྲོད་ནས་བདམས། ། ཁྲམ་གཡོ་ཀུན་གྱི་འབེན་ལ་གྱུར་པ་རང་བློས་རྟོགས་ཀྱང་ཇི་མི་སྙམ། ། གཡོ་རྫུན་འཛད་མེད་མ་རྩ་བཏང་བའི་ཐ་ཤལ་ཕྱུག་པོ་སྟབས་ལེགས་མ། ། ཕྱུག་ནས་ཇི་ཙམ་ཕྱུག་པོར་འགྱུར་ན་ཡིད་སེམས་སེར་སྣས་དམ་དུ་བཅིངས། ། ཁང་བཟང་གཅིག་མིན་གཉིས་མིན་ཉོས་ཏེ་ལུས་སེམས་གཉིས་ངལ་མི་ཚེ་རྒས། ། ཕྱི་ངོས་ཁང་སྟོང་བརྗིད་ཉམས་དོད་པོར་གཟུངས་རྫས་བུ་ལོན་གཏེར་བུམ་བླུགས། ། ལུས་བདེའི་སེམས་ལ་རྡོག་ཁྲེས་མ་བཀལ་སྣང་བ་སྐྱིད་པ་སྟབས་ལེགས་མ། ། མི་ཚེའི་སྐྱིད་སྡུག་ལེགས་ཞན་ཇི་བྱུང་རྣམ་སྨིན་ལས་ཀྱི་འབྲས་བུར་བརྩི། ། སྣ་མང་འཇིག་རྟེན་བྱ་གཞག་ཀུན་ལ་སེམས་ཀྱི་ཆོག་ཤེས་སྲབ་མདའ་བསྐོན། ། འཚོ་བའི་ལམ་འཕྲང་ཇི་ལྟར་དོག་ཀྱང་སྡུག་བསྲན་ཐེག་པའི་ཤེད་ཀྱིས་སྒྲོལ། ། འདོད་སེམས་སྣོད་སྟོང་འགེངས་འདོད་མེད་ཀྱང་ལས་ཀྱིས་ཁེངས་པ་སྟབས་ལེགས་མ། ། ལས་སྐལ་དམན་པའི་ཉམ་ངའི་དྭ་ཕྲུག་གཅིག་སྡུད་གསོ་བ་བྱམས་བརྩེ་ཆེ། ། དྭ་ཕྲུག་རང་མགོ་ཐོན་པའི་དུས་སུ་སྦྱིན་བདག་ཕྱུག་འགྱུར་འགྱིང་ཉམས་ལྡན། ། ལས་སྐལ་བཟང་པོས་དྭ་ཕྲུག་དང་འཕྲད་མ་དངུལ་གསོག་པའི་མ་རྩ་ཆེ། ། དྭ་ཕྲུག་གསོ་ཉར་མཚན་སྙན་ཐོབ་ལ་རང་དོན་འགྲིག་པ་སྟབས་ལེགས་མ། ། ལག་ཏུ་མེད་ན་མེད་ཐབས་མེད་པ་དངུལ་ལོར་དེ་ལས་ལྷག་པ་མེད། ། ལག་ཏུ་དངུལ་ལོར་བྱུང་ན་སྙམ་པས་ས་མཆོང་གནམ་མཆོང་གར་ལ་སྒྱུར། ། ལག་ཏུ་དངུལ་ལོར་མང་རང་དྲགས་པས་ཕུང་སྦྱོར་ཐམས་ཅད་དེ་ཡིས་བྱས། ། ལག་ཏུ་དངུལ་ལོར་འབེལ་མིན་དཀོན་མིན་བབ་ཆགས་འཚོ་བ་སྟབས་ལེགས་མ། ། ཀེར་ཀེར་མི་ཀུན་ནོར་རྫས་ལ་དགའ་འདོད་པའི་སེམས་ལ་མུ་མཐའ་མེད། ། སྒུར་སྒུར་ཕྱུགས་ཀུན་ཟས་ལ་དགའ་བ་ཤ་སྦྲང་འཕུར་ལྡིང་བྱེད་ལ་འགྲན། ། གོ་སྐབས་ཐོབ་དང་མ་ཐོབ་ཙམ་གྱིས་ཟ་སྒོ་ཟ་དང་མི་ཟ་བའི། ། ཁྱད་པར་ཆོད་ཀྱི་གོ་སྐབས་མ་བྱུང་ཟ་སྒོའི་ཉེས་མེད་སྟབས་ལེགས་མ། ། ཟས་ལ་རྒྱགས་དུས་ངོམ་དུས་མེད་པ་ཟ་རྒྱག་སྤྱོད་གསུམ་ལང་ཤོར་བ། ། ཏང་དང་དམངས་ཀྱི་ཞབས་འདྲེན་བ་ཚོ་ཁྲིམས་ཀྱི་དྲ་བར་བཅུག་པ་ཡིས། ། སྟག་སྦྲང་མཉམ་རྡུང་སྲོལ་བཟང་སྲུང་བའི་མཁས་མཛངས་དཔལ་འབར་དུས་བབ་འོག ། གཉོམ་ཆུང་སྤྱོད་ཚུལ་བཟང་པོའི་སྐྱིད་སྡུག་གནས་བཟོད་བདེ་བ་སྟབས་ལེགས་མ། ། ཚན་རིག་ལག་རྩལ་དར་ཞིང་རྒྱས་པས་མི་རྣམས་དྲན་རྒྱུ་རྒོད་དུ་སོང་། ། ལྷད་མེད་བཟའ་བཅའ་སྐད་གྲགས་ཆེ་ཡང་དོན་དམ་རྫུན་བཟོས་གནོད་འཚེ་མང་། ། ཟ་འཐུང་སྣ་ཚོགས་རྫས་སྦྱོར་ངན་པས་དོན་ལྔ་སྣོད་དྲུག་ཞིང་ཁམས་དཀྲུག   རྫུས་མས་ཚེ་ལ་རྟག་ཏུ་རྒོལ་ཡང་ད་བར་འཚོ་བ་སྟབས་ལེགས་མ། ། སྟོབས་དང་བློ་གྲོས་འཕེལ་བའི་བདུད་རྩི་མིང་གྲགས་ལྡན་པའི་ཆང་རག་གིས། ། གྲོགས་མཆེད་ངོ་ཤེས་ཡོད་དོ་ཅོག་གི་གདུང་བ་ཡོངས་བཅོམ་སྤྲོ་སྣང་སྦྱིན། ། མཁས་བླུན་ཅི་ཡང་རབ་ཏུ་འཕྲུལ་བར་བཏུང་བྱ་གཞན་གྱི་མི་དོ་བ། ། འཐུང་བཞིན་བཏུང་པས་མཆིན་པའི་རྫ་རི་སྙུན་གྱིས་མ་གཙེས་སྟབས་ལེགས་མ། ། རྟག་ཏུ་སྤུས་ཞན་ཚོང་ཟོག་བསྒྲུབས་ནས་སྤུས་ལེགས་ཚོང་ཟོག་འགྲོ་ལམ་འགག ། བཟོ་ཚོང་ཁྲིམས་འཛིན་མི་སྣའི་ཞིབ་བཤེར་ཤོག་ཆག་དམར་པོས་རང་དགར་བཀག ། བཅའ་ཁྲིམས་ནང་དོན་ཇི་ཙམ་ཟབ་ཀྱང་ལག་བསྟར་ལྷོད་པས་ནུས་པ་ཆུང་། །  ཁྲིམས་འཛིན་མི་སྣའི་འགན་འཁྲི་བདའ་འདེད་ཁྲིམས་ནུས་འཕེལ་བ་སྟབས་ལེགས་མ། ། ཡིད་འོང་བཀོད་ལེགས་ནང་མ་ཁང་དུ་ཞབས་གཞས་སྒྱུ་རྩལ་གཟིགས་སྟོན་ཆེ། ། ན་སོ་རྒན་གཞོན་ཕོ་མོ་སྣ་ཚོགས་རང་འགུལ་འདུ་འཛོམས་འཁྲུག་ཆ་དོད། ། ར་རོས་མྱོས་ཏེ་སྐྱུར་འགོངས་གདོན་འདྲེས་ཕུང་སྦྱོར་དམག་འཁྲུག་བསླངས་གྱུར་ཡང་། ། མགོ་བོར་ཤེལ་དམ་ལག་འབོམ་མ་ཕོག་རླུང་རྟ་ཡར་བསྐྱེད་སྟབས་ལེགས་མ། ། དོན་ལ་གནས་པའི་མཁས་དབང་ལེགས་བཤད་ཤེས་ལྡན་པ་ཡི་རྒྱན་དུ་མཛེས། ། དཔའ་བར་མངོན་པ་གླེན་པའི་ང་རྒྱལ་བློ་དམན་ཚོགས་ཀྱི་བླང་བྱར་གྱུར། ། འཆད་རྩོད་རྩོམ་ཞེས་འཇིག་རྟེན་འདི་ཡི་ནོར་བུ་རྣམ་གསུམ་མ་དབང་ཡང་། ། བླུན་པོ་བ་ལང་དཔེ་རུ་མ་འགྱུར་རང་རྐྱ་འཕེར་ཙམ་སྟབས་ལེགས་མ། ། རིག་པའི་གནས་ཀུན་རྟོགས་ན་སྙམ་པ་ལེགས་པའི་འདོད་སེམས་ཅིས་མ་ཡིན། ། རིག་གནས་ཤེས་བྱས་ཕྱུག་པོ་མ་ཆགས་འགྱོད་སེམས་མེད་པ་དེ་བས་ཀྱང་། ། བང་མཛོད་བཀང་བའི་ནོར་བདག་ཆེན་པོས་ཤེས་བྱས་ཕྱུག་པར་འགྲན་ནུས་མིན། ། ནོར་གྱིས་མ་ཕྱུག་ཤེས་བྱས་མ་དབུལ་ཐ་ཤལ་མིན་པ་སྟབས་ལེགས་མ། ། ལང་ཚོ་ཉམས་པའི་མགོ་བོའི་ལྗོན་པར་མི་འདོད་སྐྲ་དཀར་ཨུ་ཚུགས་ཆེ། ། བཀྲག་མདངས་ཤོར་བའི་ངོ་གདོང་ངོགས་སུ་མ་བྲིས་གཉེར་མའི་གྲོག་ཤུར་མང་། ། སོ་ཕྲེང་བཞུགས་གྲལ་བསྒྲིགས་འདོད་མེད་པར་ཁ་ཆུང་བྲག་ཁུང་ལྟ་བུ་ཆགས། ། སེམས་ཁྲལ་ཅི་དགོས་རྫས་འགྱུར་ཚོས་འགྱུར་སོ་ཚབ་མཛེས་འཆོས་སྟབས་ལེགས་མ། ། ཟུག་གིས་ལུས་པོར་རང་དབང་མེད་པར་མིག་ནས་མཆི་མའི་མུ་ཏིག་ཟགས། ། དངུལ་གྱིས་སྨན་ཡོན་གཏའ་མ་འཇོག་པར་སྦ་ཁུག་གཉིད་ལས་སློང་ཐབས་བྲལ། ། གནམ་ལྕགས་ཐོག་འབེབས་ཤུགས་ལ་དོ་བའི་སྨན་པའི་གཤེ་གཤེ་སེམས་ལ་གཟན། ། ལྷ་རྗེར་གློ་བུར་བྱང་ཆུབ་སེམས་སྐྱེས་ནད་པའི་བསོད་བདེ་སྟབས་ལེགས་མ། ། དོན་རྒྱན་སོ་ལྔའི་མཚན་ཉིད་རྦབ་ཆུ་བློ་ཡི་རྫིང་བུར་དལ་གྱིས་དྲངས། ། དཔའ་བ་སྒེག་དང་སྙིང་རྗེ་ལ་སོགས་ཉམས་ལྡན་རྒྱན་ཆ་ཀླད་པར་འཁྱིལ། ། བརྗོད་བྱའི་སྲོག་ལ་བབ་བསྟུན་ཚིག་སྦྱོར་སྤྲོས་ལ་མཁས་པའི་རྩོམ་རྩལ་ཅན། ། སྔོན་བྱོན་མེས་པོའི་ཕྱག་རྒྱུན་འཛིན་ལ་དད་སྣང་ཆེ་བ་སྟབས་ལེགས་མ། ། འཇིག་རྟེན་འདི་ན་མཐོང་མཐོང་མང་བས་དྲན་ཚོར་སྐྱེན་པོར་འཆར་སྒོ་མང་། ། བློ་རིག་གསལ་པོས་ལྷོད་ལྷོད་སྤངས་ཏེ་མཐོང་འཆར་མཛུབ་མོའི་རྩེ་ནས་བསྟན། ། ལེགས་ཉེས་བྱ་བ་བླང་དོར་བགྱི་ལ་སྟབས་ལེགས་མ་དང་སྦྲེལ་བའི་དོན། ། ཅུང་ཟད་གླེང་འདིར་འགལ་ཆ་མཆིས་ཚེ་ཀློག་མཁན་ཉིད་ཀྱིས་བླང་དོར་བྱོས། །
      

    ཕྱོགས་བསྡུས་གསར་འགྱུར།