མི་དམངས་དྲ་བ།

༄༅།།ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་འགོ་ཚུགས་པ།

མི་དམངས་དྲ་བའི་འཕྲིན། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་དང་བོད་ཤར་གྱི་མི་རིགས་ཁག་གི་མི་དམངས་ཁྲི་76གི་མངགས་བཅོལ་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་ཟླ་12ཚེས་8ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད།
     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་ཚོགས་ཆེན་ཐོག་༼གོ་སྐབས་གསར་པ་དམ་འཛིན་གྱིས་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། ཤེས་དཔལ་བཅས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་དགོས་༽ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་ཞུ་ཕུལ་བ་རེད།
     ནོར་བུ་དོན་གྲུབ་ཀྱིས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་ནི་ཆབ་མདོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ལ་ཆབ་མདོའི་འོད་སྟོང་འབར་བའི་གྲུབ་འབྲས་མུ་མཐུད་གཏོད་པའི་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
     ནོར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྒྲུབ་དགོས་ངེས་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ཡུན་རིང་བདེ་འཁོད་མངོན་འགྱུར་ཧུར་ཐག་ཐུབ་པ་བྱེད་དགོས་པ་དང་། དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བྱས་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་དགོས་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་དེ་ཚད་བརྒལ་སར་བྱས་ནས་ཕྱི་ནང་གཉིས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཞིང་འབྲོག་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

【1】  【2】  【3】  【4】