འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ལྷོ་ཁུལ་གྱི་ཞོ་འོང་དཔྱིས་གྲོང་ཚོ་སོགས་གྲོང་སྡེ་༢༡ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་
    མིང་གཞུང་ཁག་གསུམ་པའི་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《མཚོ་སྔོན་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་གཏན་འཁེལ་བྱས་པ་བརྒྱུད་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། རིག་གནས་པུའུ། རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཅུས། ནོར་སྲིད་པུའུ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། ཞིང་ལས་པུའུ། རྒྱལ་ཁབ་ཡུལ་སྐོར་ཅུས་སོགས་སྡེ་ཚན་གྱིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་གསུམ་པ་ཡོངས་བསྒྲགས་བྱས་པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཞོ་འོང་དཔྱིས་ཤང་གི་ཞོ་འོང་དཔྱིས་གྲོང་ཚོ། དཔོན་རུ་གྲོང་ཚོ་དང་། ཉིན་ལྟ་གྲོང་ཚོ་སོགས་གྲོང་སྡེ་༢༡ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་གསུམ་པའི་ནང་ཚུད་པའི་གྲོང་ཚོ་༢༡ཁྲོད་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཏུང་གུག་ཤང་ལུའོ་ཧྲའོ་གྲོང་ཚོ་དང་ནེན་ཤན་གྲོང་ཚོ་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ལྕེ་ཙེ་གྲོང་རྡལ་སན་ལན་པ་ཧའེ་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་ཞོ་འོང་དཔྱིས་ཤང་གི་དཔོན་རུ་གྲོང་ཚོ་དང་། ཉིན་ལྟ་གྲོང་ཚོ། ཞོ་འོང་དཔྱིས་གྲོང་ཚོ་བཅས་དང་། བཙན་མོ་ཤང་གི་རི་གྲོང་ཚོ་དང་། ཧོར་ནག་ཤང་གི་རུ་ཞོལ་མ་གྲོང་ཚོ། ཁུག་ཧོར་ཤང་ཅང་ལུང་ཞིང་ལས་གྲོང་ཚོ། ཆུ་ཁོག་ཤང་གི་མག་གསར་གྲོང་ཚོ་དང་སོ་ནག་གྲོང་ཚོ། གཉན་ཐོག་ཤང་གི་སྐ་སར་གྲོང་ཚོ། རྒྱལ་བོ་ཤང་གི་སྤྱི་ཚང་གྲོང་ཚོ། གཅན་ཚ་རྫོང་སྐྱ་རྒྱ་ཤང་གི་སྐྱ་རྒྱ་གྲོང་ཚོ་དང་། སྣང་ར་ཤང་གི་གྲམ་པ་གྲོང་ཚོ་དང་ཡར་སྣ་གདོང་གྲོང་ཚོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་ཆུ་ཁོལ་ཁྲེ་ཙེ་ཞོལ་མ་གྲོང་ཚོ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་ལྕགས་རི་ཐང་ཤང་གི་རྡོ་རུ་མ་གྲོང་ཚོ་དང་དྷི་མདའ་ཤང་གི་པཎ་ཆེན་གྲོང་ཚོ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ཨ་ཁྲོ་ཤང་གི་ལྷ་རྩེ་གྲོང་ཚོ་བཅས་ཡོད་པ་རེད།
         མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ་༤༡རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པ་དེས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་༡.༦%བཟུང་ཡོད། གྲོང་སྡེ་དེ་དག་གི་སྲོལ་རྒྱུན་སྐྲུན་དངོས་ཀྱི་གཞི་ཁྱོན་དང་། སྲོལ་རྒྱུན་སྐྲུན་དངོས་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱུང་ཡོད་པ་དང་སྐྲུན་དངོས་ཀྱི་བཟོ་ལྟ་དང་། གྲུབ་ཆ། རྒྱུ་ཆ་བཅས་དང་དེ་བཞིན་མཛེས་རྒྱན་ཐད་མཛེས་དཔྱོད་རིན་ཐང་ཆེ་ཙམ་ལྡན་ཡོད་པས། ས་ཁོངས་དང་མི་རིགས་དང་དེ་བཞིན་དམིགས་བསལ་ལོ་རྒྱུས་དུས་སྐབས་ཀྱི་དཔེ་མཚོན་ཁྱད་ཆོས་མཚོན་པ་མ་ཟད། ཚན་རིག་དང་། རིག་གནས། ལོ་རྒྱུས་བཅས་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་ཡོད་ཁར་དེའི་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་དང་མཉམ་དུ་སྦྲེལ་ཡོད་པས། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་མངོན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།