འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པས་བོད་རྒྱ་སྐད་གཉིས་ནས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་རྔ་པ་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། རྔ་པ་ཀྲོའུ་ཡིས་བོད་རྒྱ་སྐད་གཉིས་ནས་སློབ་གསོ་གཏོང་བའི་ལས་དོན་ཤུགས་ཆེན་སྤེལ་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ནས་སློབ་ཕྲུག་ཁྲི་༤ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྔ་པ་ཁུལ་གྱིས་སྐད་གཉིས་སློབ་གསོ་གཏོང་རྒྱུ་དེ་བོད་རིགས་འདུས་སྡོད་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་ཁྲིད་བྱེད་སྟངས་གཙོ་བོ་ཡིན་པས་མཛོད་དགེ་བོད་ཡིག་སློབ་འབྲིང་དང་། རྐ་ཁོག་བོད་ཡིག་སློབ་འབྲིང་། རྔ་པ་བོད་ཡིག་སློབ་འབྲིང་། འཛམ་ཐང་རྫོང་བོད་ཡིག་སློབ་འབྲིང་། ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་། རྔ་པ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་སོགས་སྐད་གཉིས་སློབ་ཁྲིད་བྱེད་སྟངས་རིགས་དང་པོ་སྤྱོད་པའི་སློབ་འབྲིང་ཁག་གཅིག་སྔ་རྗེས་སུ་བཙུགས་པས་ཀྲོའུ་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མར་བོད་ཡིག་གིས་གཙོ་བོར་བྱས་ཤིང་། ཞོར་ལ་རྒྱའི་སྐད་ཡིག་ཁྲིད་པའི“སློབ་ཁྲིད་བྱེད་སྟངས་རིགས་དང་པོ”དང་རྒྱའི་སྐད་ཡིག་གིས་གཙོ་བོར་བྱས་ཤིང་། ཞོར་ལ་བོད་ཡིག་ཁྲིད་པའི“སློབ་ཁྲིད་བྱེད་སྟངས་རིགས་གཉིས་པ”ཞིག་ཆགས་ཡོད།
         ད་ཆ་རྔ་པ་ཁུལ་དེ་ཡོངས་སུ་སྐད་གཉིས་ཀྱི་སློབ་ཁྲིད་བྱེད་པའི་སློབ་གྲྭ་རྔ་པ་དང་། མཛོད་དགེ རྐང་ཁོག འཛམ་ཐང་། ཟུང་ཆུ། འབར་ཁམས། གཟི་ཚ་སྡེ་དགུ  ཆུ་ཆེན། མོང་རྫོང་། ཁྲི་ཚང་བཅས་རྫོང་༡༠ལ་ཁྱབ་ཡོད།
         སློབ་ཕྲུག་གི་ལས་ཞུགས་ནུས་པ་མཐོ་རུ་གཏོང་ཆེད། རྔ་པ་ཁུལ་གྱིས་སྐད་གཉིས་ཀྱི་འབྲིང་རིམ་ཆེད་ལས་སློབ་གསོའི་སློབ་གྲྭ་༣ཆེད་བཙུགས་བྱས་པ་དང་། འབར་ཁམས་མི་རིགས་དགེ་འོས་སློབ་གྲྭས་སྐད་གཉིས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་ཆུང་གི་སྐད་གཉིས་སློབ་གསོ་གཉེར་བ་དང་། སི་ཁྲོན་ཞིང་ཆེན་རྔ་པ་འཕྲོད་བསྟེན་སློབ་གྲྭས་སྐད་གཉིས་ཐོག་ནས་ནད་སྐྱོང་བྱེད་པ་དང་། བོད་ཀྱི་གསོ་རིག་གི་སྨན་བཅོས་དང་བོད་སྨན་བསྟེན་སྟངས་སློབ་པ། རྔ་པ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་བོད་རིགས་ཀྱི་ཕྱུགས་རིགས་སྨན་པ་གསོ་སྐྱོང་དང་ཐང་ག་འབྲི་སྟངས་སློབ་པ་སོགས་སྐད་གཉིས་ཀྱི་འབྲིང་རིམ་ལག་རྩལ་སློབ་གསོ་ཐོབ་མཁན་སློབ་གྲྭར་ཡོད་མུས་ཀྱི་སློབ་ཕྲུག་༨༦༦ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།