འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༨པའི་ཚེས་༢༩ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་པ་བརྒྱུད། ཏང་གི་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞིར་གྲོས་འཆམ་བྱུང་བ་དང་། སླད་ཕྱིན་ལོ་ཤས་རིང་གི་ཏང་གི་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་ཀྱི་ལམ་ཐིག་ས་བཀྲ་དང་། དུས་ཚོད་རེའུ་མིག ལས་འགན་ཡིག་གེ་བཅས་ཁ་གསལ་བཟོས་ཡོད། དེའི་ཐོག་ནས། ཏང་གི་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་ཀྱི་ལམ་ཐིག་ས་བཀྲ་དེ་དངོས་སུ་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ལག་བསྟར་ཇུས་གཞིའི་ནང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཏང་གི་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དང་གཞི་རྩའི་དམིགས་འབེན་ཁ་གསལ་བཟོས་ཡོད་པ་དང་། ལག་བསྟར་ཇུས་གཞིས་ཁག་སོ་སོར་ཏང་གི་རྩ་འཛུགས་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ལས་བྱེད་པའི་མི་དོན་ལམ་ལུགས་ཀྱི་བསྒྱུར་བཅོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས། ཤེས་ལྡན་མི་སྣའི་གོང་འཕེལ་སྒྲིག་གཞི་དང་ལམ་ལུགས་ཀྱི་བསྒྱུར་བཅོས་བཅས་ཕྱོགས་བཞིའི་ཐད་ཀྱི་བསྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་དང་གཙོ་གནད་བྱ་ཐབས་བཏོན་ཡོད་པ་རེད།
        ཏང་གི་རྩ་འཛུགས་ལམ་ལུགས་ཀྱི་བསྒྱུར་བཅོས་ཐད། གཙོ་བོ་ཏང་གི་རྩ་འཛུགས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་གོང་འཕེལ་གཏོང་རྒྱུ། ཏང་གི་སྒྲིག་ཁྲིམས་ནན་པོ་བཟོ་རྒྱུ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ། ཏང་གི་གསོན་ཤུགས་རྒྱུན་འཁྱོངས་བྱ་རྒྱུ་བཅས་གཙོ་གནད་དུ་བཞག་སྟེ། ཏང་ནང་ཁུལ་གྱི་འཚོ་བའི་ལམ་ལུགས་ནན་པོ་བཟོ་རྒྱུ་དང་། ཏང་ཨུའི་ལས་དོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་ནང་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་བཏོན་ཡོད། ལས་བྱེད་པའི་མི་དོན་ལམ་ལུགས་ཀྱི་བསྒྱུར་བཅོས་ཐད། ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་མི་འདེམས་སྤྱོད་སྒྲིག་གཞི་འཛུགས་རྒྱུ་དང་། ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་དང་འདེམས་རྒྱུ། བྱང་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་བཅས་གཙོ་གནད་དུ་བཞག་སྟེ། ཁག་སོ་སོར་ལས་བྱེད་པའི་འདེམས་སྤྱོད་དང་། དཔྱད་དཔོག་གདེང་འཇོག སློབ་གསོ་གསོ་སྦྱོང་། དོ་དམ་ལྟ་སྐུལ། སྐུལ་ལྕག་འགན་སྲུང་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ཞིབ་ཕྲའི་བསྒྱུར་བཅོས་ལས་འགན་བཏོན་ཡོད། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས་ཐད། ཏང་གི་སྲིད་འཛིན་གྱི་རྩ་འཛུགས་རྨང་གཞི་བརྟན་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་བསྐྱོད་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་གཙོ་བོར་བཞག་སྟེ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་གྱི་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་དགོས་པ། ཏང་ཡོན་དཔུང་ཁག་གི་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ནན་བཤད་བྱས་ཡོད། ཤེས་ལྡན་མི་སྣའི་གོང་འཕེལ་སྒྲིག་གཞི་དང་ལམ་ལུགས་བསྒྱུར་བཅོས་ཐད། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་ཆགས་པ་བྱེད་རྒྱུ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་བཟང་ཆ་གཏོད་རྒྱུ། ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་གཅེས་སྤྲས། ཤེས་ལྡན་མི་སྣར་གུས་བཀུར། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་བྱེད་པའི་རྣམ་པ་ཡག་པོ་བསྐྲུན་པ། གནམ་འོག་གི་འཇོན་ཐང་ཅན་བདམས་སྤྱོད་བྱེད་པ་དང་། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་རྣམས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཚན་པའི་ནང་མཉམ་བསྡུས་བྱེད་རྒྱུ་བཅས་གཙོ་གནད་དུ་བཞག་སྟེ། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་འགོ་འཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་རུབ་བསྡུས་བྱེད་པའི་སྒྲིག་གཞི་དང་ལམ་ལུགས་གསར་གཏོད་བྱེད་པ། ཤེས་ལྡན་མི་སྣའི་འཁོར་རྒྱུག་ཆ་སྦྱོར་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་དཔོག་སྐུལ་ལྕག་དང་། ཞབས་ཞུའི་འགན་སྲུང་སྒྲིག་གཞི་སོགས་ཀྱི་ཐད་ཞིབ་ཕྲའི་བསྒྱུར་བཅོས་ལས་འགན་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།