མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་
མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     བློ་མཐུན་རྒན་གྲས་དེ་བས་མང་བ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་དང་ཚེས་18ཉིན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བ་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་སྦྲགས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་སྒྲུབ་མཁན་རྒྱལ་ཡོངས་ཀྱི་བློ་མཐུན་རྒན་གྲས་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
     ཞི་ཅིན་ཕིང་གིས། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་30སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རྒྱ་ཆེའི“རྒན་གྲས་ལྔ”ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་ལ། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྟོབས་ཤུགས་གལ་ཆེན་ཡང་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་བློ་མཐུན་རྒན་གྲས་སྔར་ལས་མང་བ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི“རྒན་གྲས་ལྔ”ཡིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་གར་སྟེགས་ཆེ་མོའི་ཐོག་ན་སོ་རྒས་ཀྱང་ནུས་པ་ལྷག་མ་འདོན་པ་དང་བྱས་རྗེས་བཞག་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས་བསྟན་དོན། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་30སོང་རིང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རིམ་ཁག་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་དང་བློ་མཐུན་རྒན་གྲས་ཚོས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ “རྒན་གྲས་ལྔའི”སྙིང་སྟོབས་དར་སྤེལ་གཏོང་བ་དང་། བློ་མཐུན་རྒན་གྲས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་གཏིང་ཟབ་སྤེལ་བ། སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ལས་དོན་ལ་མཐོང་ཆེན་བྱས་ནས་བློ་མཐུན་རྒན་གྲས་ཀྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། བློ་མཐུན་རྒན་གྲས་ན་སོ་རྒས་ཀྱང་ནུས་པ་ལྷག་མ་འདོན་པ་དང་བྱས་རྗེས་འཇོག་རྒྱུར་རྒྱབ་སྐྱོར་བྱེད་དགོས།
     རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་ཤིས་ཚིག་བསྒྲོན་པ་རེད།
     ཚོགས་འདུའི་ཐོག་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་30རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཐད་བསམ་འཆར་ཡང་བཏོན་པ་རེད། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ལས་དོན་ཨུ་ལྷན་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་སོགས་སྔོན་ཐོན་མཉམ་སྡེབ་593དང་སྔོན་ཐོན་མི་སྒེར་1907ལ་མཉམ་དུ་གཟེངས་བསྟོད་བྱས་ཤིང་གཟེངས་བསྟོད་ཐོབ་མཁན་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་ཀྱང་སྤེལ་བ་རེད།
     ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན། ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་འཐུས་མི་སོགས་མི་300ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

  
style="display:none;"