མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་23པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་16ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གསུམ(10+3)གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་23པར་ཞུགས་པ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་དང་དེ་བཞིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་བཅས་ལྷན་དུ་ཞུགས་ཡོད། ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུ་དེ་བརྙན་ལམ་ནས་འཚོགས་པ་རེད།
     ལི་ཁེ་ཆང་གིས་གསུང་བཤད་ནང་། འདི་ལོའི་ཟླ་4པར་10+3གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་པའི་འགོ་ཁྲིད་པའི་དམིགས་བསལ་ཚོགས་འདུ་འཚོགས་པ་ནས་བཟུང་ཕྱོགས་ཁག་གིས་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ཏེ་རིམས་ནད་ཀྱི་འགྲན་སློང་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་བཅག་པ་དང་། ཕན་ཚུན་ཁྲོམ་རའི་སྒོ་ཕྱེ་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ་བཅས་བྱས་ཏེ་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་ནུས་ལྡན་བཏང་བ་ལས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་ཐབས་ལམ་གཙོ་བོ་10+3གྱི་ནུས་པ་གལ་ཆེན་མངོན་ཡོད། འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་གཞིས་སྔོན་དཔག་བྱས་པར་གཞིགས་ན། ཨེ་ཤེ་ཡ་ཤར་མ་འདི་ལོའི་དཔལ་འབྱོར་འཕར་བཞིན་པའི་ས་ཁུལ་འབའ་ཞིག་ཏུ་འགྱུར་རེ་ཡོད་ཅེས་བསྟན་ཡོད་པ་རེད།
     ལི་ཁེ་ཆང་གིས། རྒྱལ་ཁབ་10+3ནི་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ང་ཚོས་འབྲེལ་གཏུག་དང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་10+3མཉམ་ལས་ཀྱི་མཉེན་ཆ་དང་གསོན་ཤུགས་ཆེ་རུ་གཏོང་བ་དང་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་ཧྲིལ་པོ་སླར་གསོར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་འདོན་བཏོན་གཤམ་གསལ།
     དང་པོ། རིམས་འགོག་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་ནས་10+3གྱི་འཕྲལ་སྡོམ་སྨན་བཅོས་ཀྱི་དངོས་ཟོག་གསོག་འཇོག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་10+3གྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྒྲོག་ངོས་ནང་སྦྱོང་བྱེད་འདོད་ཡོད།
     གཉིས་པ། རང་མོས་ཚོང་དོན་ཁུལ་མགྱོགས་པོ་བསྐྲུན་་ནས་ཨེ་ཤེ་ཡ་ཤར་མའི་ས་ཁོངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་དགོས། འབྲེལ་ཡོད་ཕྱོགས་ཁག་གིས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ལ་མི་རིང་བར་དངོས་སུ་མིང་རྟགས་འགོད་རྒྱུ་ཡིན་པ་དང་། དེ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་རེད་ལ། ས་ཁུལ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གྲོས་ཆོད་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ནས་གྲུབ་འབྲས་ཀྱིས་ས་ཁུལ་གྱི་ཁེ་ལས་དང་དམངས་ཚོགས་ལ་སྔ་ཙམ་ཕན་པ་འཐོབ་པར་བྱེད་འདོད་ཡོད།
     གསུམ་པ། ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་བྱས་ནས་ཨེ་ཤེ་ཡ་ཤར་མའི་ཐོན་ལས་མ་ལག་གི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་དགོས། རིམས་འགོག་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་ཁོངས་ཀྱི“མྱུར་ལམ”དང“ཐོགས་མེད་འགྲོ་ལམ”གྱི་དྲ་བ་རིམ་བཞིན་བཟོས་ཏེ། མི་དང་དངོས་ཟོག་འགྲོ་འོང་ལ་སྟབས་བདེ་སྐྲུན་དགོས་པ་དང་། སྒོ་དབྱེ་དང་། ཤར་བགྲོད། བདེ་འཇགས། བརྟན་ལྷིང་བཅས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
     བཞི་པ། གྲངས་འཛིན་དཔལ་འབྱོར་གྱི་གོ་སྐབས་དམ་འཛིན་བྱས་ནས་ཨེ་ཤེ་ཡ་ཤར་མའི་གསར་གཏོད་ཀྱི་མཐོ་ས་གཏོད་དགོས། འཕེལ་ཕྱོགས་དང་བསྟུན་ནས“དྲ་ཐོག་དཔལ་འབྱོར”དང“དྲ་ཕྱིའི་དཔལ་འབྱོར”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་ར་ཅན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁེ་ལས་མཉམ་ལས་ལ་དྲང་གཞག་འདྲ་མཉམ་དང་། མཐོང་ཆུང་མིན་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས།
     ལྔ་པ། སྤྱི་ཚོགས་ཀྱི་དམངས་འཚོའི་མཉམ་ལས་ལ་དམིགས་ནས་ཨེ་ཤེ་ཡ་ཤར་མའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་དབུལ་པོ་ཉུང་གཏོང་བྱེད་པ་དང་དུས་མཚུངས“ཨེ་ཤེ་ཡ་ཤར་མའི་དབུལ་པོ་ཉུང་གཏོང་མཉམ་ལས་ཀྱི་གྲོས་འགོ་དུས་ཐེངས་གཉིས་པའི”རྣམ་གྲངས་ལག་བསྟར་བྱས་ཏེ། ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གནོད་འཚེ་འགོག་བཅོས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ཀྲུང་རི་ཧན་+X”མཉམ་ལས་བྱེད་སྟངས་ལ་བརྟེན་ནས་འཕྲོད་བསྟེན་དང་། ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་ཉུང་གཏོང་བཅས་ཀྱི་རྣམ་གྲངས་མཉམ་ལས་དེ་བས་མང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"