མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་27ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་25ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་གཞིར་བཟུང་བློ་ཐག་ཆོད་པོ་དང་འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱད་པས་རིམས་ནད་མཆེད་རྒྱུ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་པས་རྒྱལ་ཁབ་གཉིས་པོར་ཡོད་པའི་རྒྱལ་ཁབ་གཉིས་པོའི་ཕྱིར་སྡོད་རང་མི་ཚང་མར་ལྟ་རྟོག་ཡག་པོ་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨན་ཀོ་ལ་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་འདོད་ཡོད་ལ། ཉེ་དུས་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཨན་ཀོ་ལར་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་ནས་བེད་སྤྱོད་བྱས་རྗེས་སྔོན་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཨན་ཀོ་ལ་ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ནི་ལྷག་ཟམ་རྣམ་དག་གི་སྤུན་ཟླ་བཟང་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཨན་ཀོ་ལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཨན་ཀོ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཀྲུང་གོ་དང་ཨན་ཀོ་ལའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨན་ཀོ་ལའི་དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བ་དང་ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་དངོས་ཡོད་པའི་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་མ་འཇོག་མཉམ་ལས་བྱེད་པར་སྐྱོད་རྒྱུའི་ལྕག་སྐུལ་བྱེད་པ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨན་ཀོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་གནས་བབ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་ཕྱོགས་མང་རིང་ལུགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ལུའོ་ལུན་སུའོ་ཡིས་ཀྲུང་གོ་མི་དམངས་ལ་རྒྱལ་སྟོན་དུས་ཆེན་སྤྲོ་པོ་ཡོང་བའི་སྔོན་སྨོན་ཞུས་པ་རེད། ཁོང་གིས་ཀྲུང་གོ་ནི་དུས་ཐུང་ནང་ཏོག་གསར་གློ་ཚད་རིམས་ནད་བདེ་བླག་ངང་ཚོད་འཛིན་ཐུབ་པའི་རྒྱལ་ཁབ་ཆེན་པོ་འབའ་ཞིག་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་ཐད་རོགས་རམ་གནང་བར་ཨན་ཀོ་ལ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཨན་ཀོ་ལ་དང་ཀྲུང་གོའི་དབར་གྱི་ཆུ་ཚད་མཐོ་བའི་འབྲེལ་བ་དང་མཛའ་གྲོགས་ཟབ་མོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨན་ཀོ་ལར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"