མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་
རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་25ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་9ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་བ།

ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་ནུས་པ་འདོན་པའི་བྱེད་ཐབས་གལ་ཆེན་ལ་ཀྲུང་གོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ།
     ■ ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་དང་། རྒྱ་སྐྱེད་མི་གཏོང་བ། སྟོབས་ཤུགས་ཀྱི་ཁྱབ་ཁོངས་དོན་གཉེར་མི་བྱེད་པ། རྒྱལ་ཁབ་གང་རུང་དང་འཇམ་འཐབ་དང་རྩུབ་འཐབ་རྒྱག་མི་དོད་པ་དང་། གླེང་མོལ་ལ་བརྟེན་ནས་འགལ་བ་སེལ་རྒྱུ་མཐའ་འཁྱོངས་བྱེད་པ། གྲོས་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཁེར་རྐྱང་མངོན་གསལ་ཅན་དོན་གཉེར་མི་བྱེད་པ་དང་། ཁྱོད་ཕམ་ང་རྒྱལ་མི་བྱེད་ལ། སྒོ་བརྒྱབ་ནས་བཀག་སྡོམ་འཁོར་སྐྱོད་ཀྱང་མི་བྱེད་པར། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པར་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་བར་མཐོངས་གཏོད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྒུལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་མུ་མཐུད་བྱེད་རྒྱུ་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་ནས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་འཕེལ་རྒྱས་གཏོང་སྟངས་ལ་ཕན་ཚུན་བརྩི་འཇོག་བྱེད་པ། སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར“སྐྱོན་བྲལ་སླར་གསོ”ཡོང་བར་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་མུ་མཐུད་བྱེད་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། མིའི་རིགས་ཏོག་གསར་གློ་ཚད་རིམས་ནད་དང་འཐབ་རྩོད་བྱེད་མུས་ཡིན། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་རེས་སྐྱོང་རེས་བྱས་ཏེ། གེགས་བར་ཚབས་ཆེན་གྱི་མདུན་དུ་མིའི་རིགས་ཀྱི་བློ་སྟོབས་དང་། ཆོད་སེམས། བྱམས་སེམས་བཅས་མངོན་པར་བྱས་པ་དང་འབྲེལ། མུན་ནག་གི་དུས་འདིར་འོད་སྣང་འཕྲོ་བར་བྱས་ཡོད། མིའི་རིགས་རིམས་ནད་འདི་ལས་རྣམ་པར་རྒྱལ་ངེས་ཡིན་ལ། འཛམ་གླིང་མི་དམངས་ལ་རྒྱལ་ཁ་འཐོབ་ངེས་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་འགྲན་སློང་དང་དཀའ་ངལ་སྣ་ཚོགས་ལས་རྒྱུན་ཆད་མེད་པར་རྣམ་པར་རྒྱལ་བའི་ལོ་རྒྱུས་ཤིག་ཡིན། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་ཚབས་ཆེན་མཆེད་པ་དང་། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་བ་བྱུང་མེད་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་རེ་སྒུག་སྔར་བས་ཆེ་རུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ལ་འཕྲད་པའི་ཉམས་ཉེན་མཐའ་མ་དེ་ཡིན་མི་སྲིད། ང་ཚོས་ངེས་པར་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དེ་བས་མང་བ་བསུ་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་སྟེ།
     དང་པོ། རིམས་ནད་འདི་ལས་ང་ཚོར་དྲན་སྐུལ་བྱས་དོན། ང་ཚོ་མཉམ་སྦྲེལ་མཉམ་མཐུད་དང་སྐྱིད་སྡུག་མཉམ་མྱོང་གི་སའི་གོ་ལའི་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད། རྒྱལ་ཁབ་ཁག་ནི་ཕན་ཚུན་དམ་པོར་འབྲེལ་ཞིང་མིའི་རིགས་ནི་ལས་དབང་གཅིག་མཐུན་ཡིན། དེར་བརྟེན་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་གཞན་གྱི་དཀའ་ངལ་ཁྲོད་ནས་ཁེ་ཕན་ཐོབ་ཐབས་བྱེད་རྒྱུ་མེད་ལ། རྒྱལ་ཁབ་གཞན་གྱི་ཟང་ཟིང་ཁྲོད་ནས་བརྟན་ལྷིང་བརྩོན་གཉེར་བྱེད་མི་རུང་། གལ་ཏེ་རང་ཉེས་གཞན་འགེལ་དང་། ར་འགྱེལ་བར་ལུག་གིས་ལྟད་མོ་བལྟས་ནས་བསྡད་ན། རྒྱལ་ཁབ་གཞན་གྱི་ཆགས་སྒོ་དེ་སྔ་ཕྱི་མ་གཏོགས་རང་ཉིད་ཀྱི་མགོ་ལ་ལྷུང་ངེས་ཡིན། ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། ཤོག་ཁག་ཆུང་ངུ་ནས་འདོན་པ་དང་རྒྱལ་ཕམ་ཐག་གཅོད་ཀྱི་བསམ་གཞིག་ལས་སྒྲོལ་ནས། ཁྱིམ་ཚང་ཆེན་པོ་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་རྩོད་གླེང་འདོར་བ། ཤེས་དཔལ་གདོང་ཐུག་གི་རྒྱ་རྙི་ལས་སྒྲོལ་བ། རྒྱལ་ཁབ་ཁག་གིས་རང་རྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་འཕེལ་རྒྱས་གཏོང་སྟངས་ལ་ཕན་ཚུན་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། འཛམ་གླིང་སྣ་མང་ཅན་འདི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་འཛད་མེད་སྒུལ་ཤུགས་དང་མིའི་རིགས་ཀྱི་ཤེས་དཔལ་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་གི་རྣམ་པར་འགྱུར་བ་བྱེད་དགོས།
     གཉིས་པ། རིམས་ནད་འདི་ལས་ང་ཚོར་དྲན་སྐུལ་བྱས་དོན། དཔལ་འབྱོར་གོ་ལ་ཅན་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོའི་མདུན་དུ། བྱ་རྔ་མོང་བཞིན་མགོ་བོ་བྱེ་མའི་ནང་སྦས་ནས་མཐོང་ཡང་མ་མཐོང་ཁུལ་བྱེད་པའམ་ཡང་ན་ཐང་ཅེ་ཧེ་ཏེ་དང་འདྲ་བར་མདུང་རིང་གཡུགས་ནས་བཀག་འགོག་བྱེད་པ་ཚང་མ་ལོ་རྒྱུས་ཀྱི་ཆོས་ཉིད་དང་འགལ་བ་ཤ་སྟག་རེད། འཛམ་གླིང་འདི་ཉིད་ཕན་ཚུན་བཀག་སྡོམ་དང་ཁེར་རྐྱང་གི་རྣམ་པར་ཕྱིར་བཤོལ་བྱེད་མི་སྲིད་ལ། གཞན་གྱིས་དེ་བས་ཁ་ཕྲལ་དུ་གཏོང་མི་ཐུབ། ང་ཚོས་དཔལ་འབྱོར་གོ་ལ་ཅན་ལས་བྱུང་བའི་འགྲན་སློང་ལས་མི་གཡོལ་བར་ངེས་པར་དུ་དབུལ་ཕྱུག་གི་ཧེ་བག་དང་འཕེལ་རྒྱས་ཀྱི་འགལ་རྐྱེན་སོགས་ཀྱི་གནད་དོན་གལ་ཆེན་ལ་ཐད་ཀར་ཁ་གཏད་གཅོག་དགོས། སྲིད་གཞུང་དང་ཁྲོམ་ར་དང་། དྲང་གཞག་དང་ལས་ཕྱོད། འཕར་སྣོན་དང་བགོ་བཤའ། ལག་རྩལ་དང་ལས་ཞུགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་དོ་སྙོམས་དང་གང་ལེགས་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱལ་ཁབ་མི་འདྲ་བ་དང་། རིམ་གྲས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ལ་འདྲ་མཉམ་ངང་ཕན་པ་ཐོབ་པ་བྱེད་དགོས། སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་འཛིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། དར་ཆ་གསལ་སྟོན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་བགྲོད་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།
     གསུམ་པ། རིམས་ནད་འདི་ལས་ང་ཚོར་དྲན་སྐུལ་བྱས་དོན། མིའི་རིགས་ལ་རང་ངོས་གསར་བརྗེ་ཐེངས་གཅིག་དགོས་པ་སྟེ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱས་ཏེ། སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་སའི་གོ་ལ་འཛུགས་སྐྲུན་བྱེད་དགོས། མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་པོས་ཡང་ནས་ཡང་དུ་ཉེན་བརྡ་བཏང་བར་སྣང་མེད་གཏོང་མི་རུང་། ལེན་རྐྱང་ཁོ་ན་བྱེད་པ་ལས་གློས་གཏོང་མི་བྱེད་པ་དང་། འཕེལ་རྒྱས་ཁོ་ན་གཏོང་བ་ལས་སྲུང་སྐྱོང་མི་བྱེད་པ། བེད་སྤྱོད་ཁོ་ན་བྱེད་པ་ལས་ཉམས་གསོ་མི་བྱེད་པ་བཅས་ཀྱི་ལམ་རྙིང་པར་བསྐྱོད་མི་རུང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཀྱིས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་ཁ་ཕྱོགས་ཆེན་པོ་མཚོན་པ་དང་། འདི་ནི་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པར་མཁོ་བའི་ཚད་གཞི་དམའ་ཤོས་ཀྱི་བྱ་སྤྱོད་ཅིག་ཡིན་པས་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཐག་གཅོད་རང་བཞིན་གྱི་གོམ་སྟབས་སྤོ་དགོས། ཀྲུང་གོས་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་གཏོང་བ་དང་། དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱ་ཐབས་སྤྱད་དེ་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་2030ལོའི་གོང་དུ་མཐོ་ཤོས་སུ་སླེབས་པའི་བརྩོན་ལེན་བྱས་ཏེ། 2060ལོའི་གོང་དུ་ཐཱན་དོ་སྙོམས་ཡོང་བའི་བརྩོན་ལེན་བྱེད་རྒྱུ་ཡིན། རྒྱལ་ཁབ་ཁག་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་བཏང་ནས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར“སྐྱོན་བྲལ་སླར་གསོ”ཡོང་བར་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
     བཞི་པ། རིམས་ནད་འདི་ལས་ང་ཚོར་དྲན་སྐུལ་བྱས་དོན། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན། རིམས་ནད་ནི་རྒྱལ་ཁབ་ཁག་གི་སྲིད་སྐྱོང་ནུས་པར་རྒྱུགས་ཆེན་ལེན་པ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་ཞིབ་དཔྱད་བྱེད་པ་ཞིག་ཀྱང་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ངེས་པར་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་སོགས་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་འགྱུར་ལྡོག་བྱུང་བའི་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་དང་མཐུན་པ་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་དངོས་ཡོད་དགོས་མཁོ་སྐོང་བ། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་འཚམ་པ་བཅས་བྱེད་དགོས། རྒྱལ་ཁབ་དབར་མི་མཐུན་པ་ཡོད་པ་ནི་རྒྱུན་གཏན་ཞིག་ཡིན་པས། གླེང་མོལ་དང་གྲོས་མོལ་བྱེད་པ་བརྒྱུད་ངེས་པར་དུ་ཐག་གཅོད་འོས་འཚམ་བྱེད་དགོས། རྒྱལ་ཁབ་དབར་འགྲན་རྩོད་ཡོད་མོད། འོན་ཀྱང་དགེ་མཚན་ལྡན་པ་དང་བཟང་ཕྱོགས་ཤིག་ཡིན་དགོས་ལ། ཀུན་སྤྱོད་ཀྱི་མཐའ་ཚད་དང་རྒྱལ་སྤྱིའི་ཚད་གཞི་ཡང་སྲུང་དགོས། རྒྱལ་ཁབ་ཆེན་པོར་ཆེན་པོའི་རྣམ་པ་དེ་བས་ཡོད་དགོས་པ་སྟེ། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་བཅས་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་དང་། རྒྱ་སྐྱེད་མི་གཏོང་བ། སྟོབས་ཤུགས་ཀྱི་ཁྱབ་ཁོངས་དོན་གཉེར་མི་བྱེད་པ། རྒྱལ་ཁབ་གང་རུང་དང་འཇམ་འཐབ་དང་རྩུབ་འཐབ་རྒྱག་མི་དོད་པ། གླེང་མོལ་ལ་བརྟེན་ནས་འགལ་བ་སེལ་རྒྱུ་མཐའ་འཁྱོངས་བྱེད་པ། གྲོས་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཁེར་རྐྱང་མངོན་གསལ་ཅན་དོན་གཉེར་མི་བྱེད་པ་དང་། ཁྱོད་ཕམ་ང་རྒྱལ་མི་བྱེད་ལ། སྒོ་བརྒྱབ་ནས་བཀག་སྡོམ་འཁོར་སྐྱོད་ཀྱང་མི་བྱེད་པར། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པར་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་བར་མཐོངས་གཏོད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྒུལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་མུ་མཐུད་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཆེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་ཁ་གཏད་གཅོག་པའི་འཆར་གཞིར་སླར་ཡང་ཨ་སྒོར་ཁྲི་5000རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་གོས་གཞི་ཁྱོན་ཨ་སྒོར་ཁྲི་5000ཟིན་པའི་དུས་ཐེངས་གསུམ་པའི་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལྷོ་ལྷོ་མཉམ་ལས་ཀྱི་ཡིད་རྟོན་མངགས་བཅོལ་ཐེབས་རྩ་འཛུགས་རྒྱུ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་2025ལོར་དུས་བཀག་ཐིམ་རྗེས་ལོ་5ནར་འགྱངས་བྱེད་རྒྱུ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་ས་ཁམས་ཆ་འཕྲིན་ཤེས་བྱ་དང་གསར་གཏོད་ལྟེ་གནས་དང་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་གྲངས་གཞི་ཆེན་པོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་གྲོས་རིམ》དོན་འཁྱོལ་བྱེད་པར་སླར་ཡང་རོགས་འདེགས་བྱ་རྒྱུ་བཅས་ཡིན་པའི་ཁྱབ་བསྒྲགས་གནང་བ་རེད།
     མཇུག་ཏུ་ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ང་ཚོའི་མི་རབས་འདིའི་ལག་ཏུ་བརྒྱུད་སྤྲོད་བྱས་ཡོད་པས། ང་ཚོས་ངེས་པར་དུ་མི་དམངས་ལ་ངོ་མི་གནོང་བ་དང་ལོ་རྒྱུས་ལ་ངོ་མི་གནོང་བའི་གདམ་ག་བྱེད་དགོས། ང་ཚོས་མཐུན་སྒྲིལ་བྱས་ནས། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"