མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་27ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་རི་པིན་ཕན་ཚུན་ནི་ཁྱིམ་མཚེས་དང་མཉམ་ལས་རོགས་ཟླ་གལ་ཆེན་ཡིན་ལ། ཨེ་ཤེ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་ཡང་ཡིན་པས་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་བར་མཐོངས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཉེ་ལམ་ལོ་ཤས་རིང་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་གཏན་གྱི་ལམ་སྲོལ་ཐོག་བསྐྱར་དུ་ལོག་པ་དང་འབྲེལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་གྱི་སྲིད་གཞུང་གསར་པ་དང་མཉམ་དུ་ཀྲུང་གོ་དང་རི་པིན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་ཁག་དང་སྙིང་དོན་ཁག་གཞིར་བཟུང་ལོ་རྒྱུས་སོགས་ཚོར་སྣང་སྐྱེན་པོའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་སྤེལ་རེས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་ཧུར་ཐག་གཏོད་འདོད་ཡོད། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་མཉམ་དུ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། ཐུན་མོང་གི་ཁེ་ཕན་རྒྱུན་མཐུད་ངང་གསར་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་དུས་རབས་གསར་པའི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་རེད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་ནས་རིམས་ནད་འགོག་རྒོལ་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱ་རྒྱུ་དེ་རྒྱལ་ཁབ་ཁག་གི་ཐུན་མོང་གི་སྲིད་ཇུས་གདམ་གར་གྱུར་ཡོད། ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་གཉིས་ཁེ་ཡོང་ཐབས་བྱེད་ཆོག ཀྲུང་གོ་དང་རི་པིན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རིམས་ནད་ཀྱི་རྡབ་རྡེག་འོག་ལྡོག་འཕར་བྱུང་བ་དེ་ཐོག་ནས་མཉེན་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ཀྲུང་གོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་སྤེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་བརྟན་ལྷིང་ཤར་བགྲོད་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དང་དྲང་སྙོམས་སྒོ་དབྱེའི་ཚོང་དོན་དང་མ་འཇོག་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། རི་པིན་ཕྱོགས་ཀྱིས་སང་ལོར་གྲུབ་འབྲས་ཐོབ་པའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་རི་པིན་གྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད། ཕྱོགས་གཉིས་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས་ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་ཧུར་ཐག་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་ཕྱོགས་མང་སྒྲིག་གཞི་དང་ས་ཁོངས་མཉམ་ལས་ཀྱི་ལམ་སྲོལ་འོག་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐོག་ནས་ཨེ་ཤེ་ཡའི་དར་རྒྱས་གོང་འཕེལ་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
     ཅན་དབྱི་ཝུའེ་ཡིས་གསུངས་དོན། རི་པིན་ཕྱོགས་ཀྱིས་ཀྲུང་གོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རི་པིན་དང་ཀྲུང་གོའི་འབྲེལ་བ་དེ་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་གྲས་སུ་བརྩི་གི་ཡོད། རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་བརྟན་པོ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་ཞི་བདེ་དར་རྒྱས་ལ་མེད་དུ་མི་རུང་བ་ཞིག་ཀྱང་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབྲེལ་གཏུག་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་བ་དང་མི་ཆོས་སྤེལ་རེས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ད་ལོའི་ནང་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུའི་འགན་ལེན་བྱ་རྒྱུ་དང་། རི་ཀྲུང་ཧན་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ས་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན།
     ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་ཀྱང་གནང་བ་རེད།

  
style="display:none;"