མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཞིང་པ་གསར་པ་དང་ལས་རྣམ་གསར་པའི་ལས་གཏོད་གསར་གཏོད་ཚོགས་ཆེན་
སྐབས་ལྔ་པར་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་26ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་གྲོང་ གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་ཞིང་པའི་ལས་ཞུགས་ཀྱི་བར་མཐོངས་དང་འབབ་འཕར་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཞིང་པ་གསར་པ་དང་ལས་རྣམ་གསར་པའི་ལས་གཏོད་གསར་གཏོད་ཀྱི་ཚོགས་ཆེན་སྐབས་ལྔ་པ་ཟླ་9ཚེས་24ཉིན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ནི་ཞིང་པའི་ལས་ཞུགས་དང་ཡོང་འབབ་མང་དུ་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། ཞིང་པ་གསར་པ་རྒྱུན་ཆད་མེད་པར་འཚར་ལོངས་དང་། ལས་རྣམ་གསར་པ་འབོར་ཆེན་ཐོན་པ་དེས་ཞིང་པའི་བདེ་རྩ་ཆེ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་ལ། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སྲིད་ཇུས་ཀྱི་རོགས་སྐྱོར་དང་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་ལས་གཏོད་གསར་གཏོད་བྱ་རྒྱུའི་ཡིད་དབང་བཀུག་པ། ཞིང་པ་རང་ཡུལ་དང་ཐག་ཉེ་སར་ལས་གཏོད་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་གང་མགྱོགས་བྱེད་པ། ཞིང་པའི་ལས་ཞུགས་བར་མཐོངས་དང་འབབ་འཕར་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དེ་བས་ནུས་ལྡན་མཁོ་འདོན་བྱེད་དགོས།

  
style="display:none;"