མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་26ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

             ༄༅༎ཞི་ཅིན་ཕིང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་
                              སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
                                                                    ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། མཁོ་ཚོང་མཉམ་ལས་ཁང་ནི་ཏང་གི་འགོ་ཁྲིད་འོག་གི་ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཤིག་ཡིན། དེ་ཉིད་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་ཞིང་། འདི་ནི་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཞིང་ལས་འཛུགས་སྐྲུན་དང་། ཞིང་པར་འབབ་འཕར་ཕྱུག་འགྱུར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བར་དམིགས་ནས་མཁོ་ཚོང་མཉམ་ལས་ཁང་མུ་མཐུད་ཡག་པོ་གཉེར་དགོས། མཁོ་ཚོང་མཉམ་ལས་ཁང་གིས“ཞིང་གསུམ”ལས་དོན་གྱི་སྤྱི་ཡོངས་ནས་འགོ་འཛུགས་པ་མཐའ་འཁྱོངས་བྱས་ཏེ། ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ཀྱི་ལས་སྟེགས་སུ་གང་མགྱོགས་འགྱུར་བ་དང་ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་བར་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་ཕུལ་ཏེ། རང་རྒྱལ་གྱི་མཁོ་ཚོང་མཉམ་ལས་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་མཁོ་ཚོང་མཉམ་ལས་ཁང་ནི་རྒྱལ་ཁབ་ཀྱིས“ཞིང་གསུམ”ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཞིང་གྲོང་ལ་ཐད་ཀར་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཁོ་ཚོང་མཉམ་ལས་ཁང་གིས་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དང་། ཞིང་པར་འབབ་འཕར། དབུལ་སྒྲོལ་འགག་སྒྲོལ་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། མཁོ་ཚོང་མཉམ་ལས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་དང་། སྒྱུར་བཅོས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། “ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དང་། གྲོང་གསེབ་ཀྱི་དེང་རབས་འཁོར་རྒྱུག ཞིང་པའི་ཆེད་ལས་མཉམ་ལས་སོགས་ལ་སྐུལ་འདེད་དང་སྐུལ་ཁྲིད་བྱེད་པའི་གཙོ་གནད་ལས་དོན་ལ་དམ་འཛིན་སྔར་བས་ཡག་པོ་བྱེད་པ། ཞིང་ལས་རྒྱུ་ཆ་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་ཞིང་པར་འབབ་འཕར་ཕྱུག་འགྱུར་དང་། གྲོང་གསེབ་དར་རྒྱས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བཅས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
     ཚེས་24ཉིན། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེས་མཁོ་ཚོང་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་པ་དང་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྟངས་འཛིན་ནན་པོ་བྱས་ཏེ་ཞིང་གྲོང་ལ་ཞབས་འདེགས་ཞུ་བའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་ནུས་ལྡན་བྱེད་པ། དགེ་མཚན་འདོན་སྤེལ་བྱས་ནས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་ཆེད་མཁོ་ཚོང་མཉམ་ལས་ཁང་གིས་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཅི་པིང་ཤོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་ཚོགས་འདུར་ཕེབས་པ་རེད།
     འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་འཐུས་མི་སོགས་མི་600ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
     ད་རེས་ཀྱི་ཚོགས་ཆེན་ཐོག ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་ལྟ་ཞིབ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་གསན་ནས་གྲོས་ཞིབ་བྱ་རྒྱུ་དང་། 《ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་སྒྲིག་ཡིག》ལ་གྲོས་ཞིབ་དང་བཟོ་བཅོས་བྱ་རྒྱུ། སྤྱི་ཁྱབ་ཁང་གི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་བདམས་ཐོན་བྱ་རྒྱུ་བཅས་རེད།

  
style="display:none;"