མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་
མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་24ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་འཆར་དང་གྲོས་འགོ་གསན་གནང་བ།

ཟླ་9ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་འཆར་དང་གྲོས་འགོ་གསན་གནང་བ།

༄༅༎ཞི་ཅིན་ཕིང་གིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན།
སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཝང་ཧུའུ་ཉིང་དང་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཕེབས་པ།
     ■ ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དེའི་ཐད་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དེའི་ཐད་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཅན་ཕིང་དང་། པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་ཧའོ་ཕིང་། ཐེན་ཅིན་སློབ་ཆེན་ཧྥེང་ཅི་ཚའེ་རྩོམ་རིག་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧྥེང་ཅི་ཚའེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཤིན་ཚན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཐེན་ཅིན་གཞོན་ནུ་ཅིན་ཅུས་ཟློས་གར་ཚོགས་པའི་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་མོང་ཀོང་ལུའུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲང་ཧའེ་གཏམ་བརྗོད་ཟློས་གར་སྒྱུ་རྩལ་ལྟེ་གནས་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཤིས་མའེ་ཅོན། ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ཡོན་ཀྲང་ཧྥན་ཏི་ཨན། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཅང་། པེ་ཅིང་སློབ་ཆེན་གསོ་རིག་སློབ་གླིང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཡོན་ཀྲང་ཆའོ་ཅེ། པེ་ཅིང་ལུས་རྩལ་སློབ་ཆེན་ཀྲུང་གོ་ལུས་རྩལ་སྲིད་ཇུས་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་པའོ་མིང་ཞའོ་སོགས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མི་10ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན་དང་གསར་གཏོད། འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་མཁན་འཐུས་མི་མི་རེ་ངོ་རེ་དང་སྤེལ་རེས་གཏིང་ཟབ་དང་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ལས་དོན་དང་གནད་དོན་ཁག་གཅིག་ཐད་སྔར་བས་བསམ་འཆར་གསན་པ་དང་དཔྱད་བརྗོད་གནང་བས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མས་གཏམ་བཤད་ཧ་ཅང་ཡག་པོ་བྱས་སོང་། རིན་ཐང་ཆེན་པོ་ལྡན་པའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་སོང་། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་འཐུས་མི་གཞན་གྱིས་ཕུལ་བའི་ཡིག་ཐོག་གཏམ་བཤད་འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་དང་བསྡུ་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་འཕེལ་རྒྱས་དང་ཕྱོགས་ཡོངས་ཡར་ཐོན་གྱི་རླབས་ཆེན་བྱ་གཞག་ཅིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོང་མི་སྲིད། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་རིག་གནས་ནི་ནང་དོན་གལ་ཆེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ནི་རྟེན་ས་གལ་ཆེན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་རིག་གནས་ནི་རྒྱུ་རྐྱེན་གལ་ཆེན། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་རིག་གནས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་བཅས་ཡིན། རིག་གནས་འཛུགས་སྐྱོང་དེ་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རྣམས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། བསམ་བློ་དང་སྙིང་སྟོབས་ཐད་མི་དམངས་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་རྨང་གཞི་དང་། མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཀྱང་ཡིན། སྤྱི་ཡོངས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པ། འཕྲད་པའི་དཀའ་གནད་རྙིང་པ་དང་འགྲན་སློང་གསར་པར་དམིགས་པ། ཐབས་ཤེས་ངོ་མ་འདོན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་བཞག་སྟེ། མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་འགན་ལེན་བྱེད་པ་དང་། ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱེད་པ། བདེ་ཐང་ལ་ཕན་པའི་འཚོ་བ་སྐྱེལ་སྟངས་དང་། ཐོན་སྐྱེད་བྱེད་ཐབས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས། བཅོས་སྐྱོང་བྱེད་ཐབས་བཅས་གང་མགྱོགས་ཆགས་པར་བྱས་ནས་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྔོན་འགོག་གཙོ་བོར་འཛིན་པའི་མཛད་ཕྱོགས་ལག་བསྟར་བྱས་ཏེ་འགོག་བཅོས་ཟུང་འབྲེལ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན། མཉམ་འགོག་མཉམ་བཅོས་བཅས་མཐའ་འཁྱོངས་དང་། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་ལམ་སྲོལ་བརྟན་པོ་འཛུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་ཚབས་ཆེན་དང་གནད་དོན་གཙོ་བོར་དམིགས་ཏེ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་མགྱོགས་མྱུར་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ། རྒྱལ་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་སྐུལ་སློང་ལམ་སྲོལ་གསར་གཏོད་བྱེད་པ། བདེ་ཐང་སློབ་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འབྱུང་རྩ་ནས་ནད་རིགས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ནད་བཅོས་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་འགྱུར་བ་བྱེད་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་ཀྱི་དོ་མཉམ་ཁྱབ་ཚུལ་མགྱོགས་སུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཐག་ཉེ་ས་ནས་གཞུང་དྲང་དང་མ་ལག་རྒྱུན་མཐུད་ཀྱི་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད། བདེ་ཐང་ལ་སྐུལ་འདེད་སོགས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་ལག་ལེན་གྱི་ཞིབ་བཤེར་བརྒྱུད་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ལམ་ལུགས་ཀྱི་བྱེད་ཐབས་སྤྱད་ནས་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ལས་ཀར་ཞུགས་པའི་རང་རྒྱལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་འོས་འགན་སྒྲུབ་པ། གོ་ལ་ཧྲིལ་པོར་རིམས་འགོག་དངོས་ཟོག་མཁོ་སྤྲོད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་བ་དང་མི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལུས་རྩལ་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་བཅས་བྱས་ནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུར་དམ་པོར་དམིགས་ནས་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་དགོས། བདེ་ཐང་སྔོན་ལ་འཇོག་རྒྱུར་སྐུལ་འདེད་བཏང་ནས་ལུས་རྩལ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་མཐུན་སྦྱོར་དང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་ལུས་རྩལ་ལ་བརྟེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་འཛུགས་དགོས། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལུས་རྩལ་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། ལུས་རྩལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་དགོས། རྩལ་འགྲན་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདམ་གསེས། སྐུལ་ལྕག་འགན་ལེན་ལམ་སྲོལ་དང་རྒྱལ་ཁབ་རུ་ཁག་དོ་དམ་སྒྲིག་སྲོལ་བཅས་གསར་གཏོད་བྱེད་དགོས། ངར་སློང་སྨན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་དང་། ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། དྭངས་གཙང་གི་གསེར་གྱི་རྟགས་མ་བཅས་ལེན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ངར་སློང་སྨན་གྱི་གནད་དོན་མི་ཐོན་པ་བྱེད་པ་དང་འབྲེལ་ཐར་པར་གཏན་ནས་གཏོང་མི་རུང་། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྤུས་ཚད་མཐོ་བའི་ངང་གྲབས་གཉེར་བྱས་ཏེ་འགྲན་བསྡུར་ངོ་མཚར་དང་འགྲན་ཞུགས་ངོ་མཚར་གྱི་དམིགས་ཚད་འགྲུབ་དགོས།

  
style="display:none;"