མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་དབུན་མིང་གིས་ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་70
འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་10ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་དང་འབར་མའི་རྒྱལ་དོན་བློ་འདྲི་བ་ཨང་ཧྲན་སུའུ་ཅིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་དབུན་མིང་གིས་ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།
    རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་གིས། ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་ཀྲུང་འབར་དབར་གྱི་སྲོལ་རྒྱུན་སྤུན་ཟླའི་བརྩེ་སེམས་ལ་ལོ་རྒྱུས་ཀྱི་ཉམས་ཚོད་ཐེག་ནས་སྲ་ཞིང་བརྟན་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་སོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད། ཉེ་ཆར་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕན་ཚུན་རྒྱབ་སྐྱོར་དང་ལྟ་རེས་སྐྱོང་རེས་བྱས་ཏེ་དཀའ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱི་ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད། འདི་ལོའི་ཟླ་དང་པོར་ངས་ཁྱེད་ཚོའི་རྒྱལ་ཁབ་ལ་གྲུབ་འབྲས་ཐོབ་པའི་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན་ལ། དུས་བབ་གསར་པའི་འོག་ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་ཁྱེད་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡང་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་འཕྲད་བཞིན་ཡོད་པས་ཀྲུང་འབར་དབར་གྱི་འབྲེལ་བའང་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ངས་ཀྲུང་འབར་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་གཞི་འཛིན་སར་བྱེད་པ་དང་། མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ནམ་ཡང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    རྟེན་འབྲེལ་གློག་འཕྲིན་ནང་དབུན་མིང་གིས། ཀྲུང་གོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”བདེ་བླག་ངང་འཚོགས་ཐུབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྩ་ཆེའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། འབར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་མཚམས་འདིར་རྒྱལ་ཁབ་གཉིས་པོས་འབར་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་ཡོད། འབར་ཀྲུང་དབར་གྱི་འབྲེལ་བ་ཟབ་ཏུ་སོང་བ་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ཀྱང་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"