མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་06ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་3ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇན་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། དེ་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ངེད་གཉིས་ཕན་ཚུན་ཞལ་པར་བསྐྱོན་ཐེངས་གསུམ་པ་ཡིན་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཆེན་པོ་དང་འཐབ་ཇུས་ཀྱི་འབྲེལ་བ་ཟབ་མོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་གནད་དོན་ཐད་འཇར་མན་སྲིད་གཞུང་གིས་དྲང་གཞག་དང་དཔྱོད་ཤེས་ཀྱི་ལངས་ཕྱོགས་དང་ཚན་རིག་ལ་བརྩི་འཇོག་གི་རྣམ་འགྱུར་འཛིན་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་མཉམ་དུ་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་འགོག་ལ་མཉམ་དུ་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་འཇར་མན་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་གསར་གཏོད་བྱ་ཆེད་མུ་མཐུད་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། ཉེ་དུས་ཀྲུང་འཇར་གྱི“མགྱོགས་ལམ”དངོས་སུ་འགོ་ཚུགས་པ་དེ་རྒྱལ་ཁབ་གཉིས་པོར་དགོས་གལ་ཆེ་བའི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ་བྱ་རྒྱུ་དང་རྒྱལ་སྤྱིའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད། ཀྲུང་འཇར་མཉམ་ལས་ཀྱིས་འཛམ་གླིང་དཔལ་འབྱོར་སྔ་ཙམ་ཉམས་རྒུད་ལས་སྒྲོལ་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་འཇར་དབར་བརྟན་ལ་ལེགས་པའི་མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མུ་མཐུད་གླེང་མོལ་སྤེལ་རེས་བྱེད་འདོད་ཡོད། འདི་ལོའི་ལོ་སྨད་དུ་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། འཇར་མན་དང་ཡོ་རོབ་མནའ་འབྲེལ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་བཅག་ནས་མཉམ་དུ་གཏན་འཁེལ་མེད་པའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་གྱི་རྣམ་པ་མང་པོ་བསྣན་འདོད་ཡོད། ཀྲུང་འཇར་དང་ཀྲུང་ཡོ་དབར་ཆབ་སྲིད་སྤེལ་རེས་ཀྱི་གྲོས་རིམ་གལ་ཆེན་རབ་དང་རིམ་པར་གྲོས་མོལ་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་ཕྱོགས་དང་མཉམ་དུ་འབྲེལ་མཐུད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་བྱེད་སྒོ་དེ་དག་ལ་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱས་ནས་ཀྲུང་འཇར་དང་ཀྲུང་ཡོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     མོ་ཁེར་གྱིས་འཇར་མན་གྱིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་འཆར་གཞིར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཆབས་ཅིག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་འཇར་ཀྲུང་གི་དཔལ་འབྱོར་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ཐོན་རྫས་ལ་བརྩི་རྒྱུའི་ཁྱབ་བསྒྲགས་གནང་བར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། མིག་སྔའི་དུས་བབ་འོག་རྒྱལ་སྤྱིའི་མཐུན་སྒྲིལ་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་གལ་ཆེན་འདོན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གླེང་མོལ་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཁྱབ་ཀྱི་ཁྱབ་ཁོངས་དང་གྲོས་དོན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་མཐུད་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་འཇར་ཀྲུང་དང་ཡོ་ཀྲུང་གི་གྲོས་རིམ་གལ་ཆེན་དང་འཇར་ཀྲུང་དང་ཡོ་ཀྲུང་གི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"