མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་06ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་པོ་བསྟར་བ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ནང་ཁུལ་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་ལ་མུ་མཐུད་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱེད་པ་དང་། མངའ་ཁོངས་ཕྱིའི་རིམས་ནད་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་ཕྱི་ནས་མ་འགོས་པ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། ཚོང་ལས་དང་། ཁྲོམ་ར། སློབ་གྲྭ་བཅས་སླར་གསོར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར། རང་རྒྱལ་གྱི་རིམས་ནད་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་ཉེ་དུས་ཀྱི་གཟའ་འཁོར་གཉིས་ནང་ས་ཆ་ཁ་ཤས་སུ་ནད་དཔེ་ཐར་ཐོར་ཐོན་པ་དང་། རྒྱལ་ཡོངས་སུ་སྔར་བཞིན་གྲངས་འབོར་ངེས་ཅན་གྱི་ནད་རྟགས་མེད་པའི་ནད་དཔེ་ཡོད་པ། མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བའི་ཉེན་ཁར་སྣང་ཆུང་བྱེད་རྒྱུ་མེད། གོམ་སྟབས་རྗེས་མར། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་མུ་མཐུད་དོན་འཁྱོལ་བྱས་ཏེ་ནད་རྟགས་མེད་པའི་ནད་དཔེར་གསོ་རིག་གི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་སྒོ་ནས་རིམས་ནད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་གནས་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་ཕྱོགས་སྡོམ་ནན་པོ་བྱེད་པ་དང་། རྒྱལ་ནང་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་དང་རྒྱལ་སྤྱིའི་མི་སྣ་འགྲོ་འོང་བྱེད་མང་དུ་འགྲོ་སྲིད་པའི་གནས་ཚུལ་གཞིར་བཟུང་། དུས་མཚམས་རང་བཞིན་གྱི་སྒོ་ནས་སྟབས་བསྟུན་ངང་ལེགས་སྒྲིག་དང་། གནད་སྨིན་ངང་ལེགས་སྒྱུར། སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་དང་། རིག་གནས། ལུས་རྩལ་སོགས་ལས་རིགས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར། ས་གནས་ཁག་གིས་ཕྱོགས་ཡོངས་ནས་སློབ་འགོ་བསྐྱར་འཛུགས་བྱེད་མགྱོགས་སུ་བཏང་བས། སློབ་གྲྭ་ཁག་གིས་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཇུས་གཞི་དང་ཁྲིད་སྟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་བཏང་སྟེ་འབྲིང་རྒྱུགས་དང་མཐོ་རྒྱུགས་སོགས་ཀྱི་འགག་རྩའི་དུས་ཚོད་དང་མཚམས་ཚིགས་ལ་དམིགས་ནས་བརྒྱུད་རིམ་ཧྲིལ་པོའི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་འབྲེལ། འཕྲལ་སྡོམ་ནང་སྦྱོང་དང་འབྲེལ་ཡོད་རིམས་འགོག་གི་དངོས་ཟོག་དང་མི་སྣའི་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས།
     ཚོགས་འདུའི་ཐོག ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་ཏོག་གསར་ནད་དུག་བརྟག་དཔྱད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མིག་སྔར། ཉིན་ལྟར་མི་ཁྲི་300ལྷག་ཙམ་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ཐུབ་པའི་ནུས་པ་ལྡན་ཡོད། གཙོ་གནད་མི་ཚོགས་ལ་བརྟག་དཔྱད་བྱེད་དགོས་རིགས་ལ་བརྟག་དཔྱད་བྱེད་པ་དང་མི་ཚོགས་གཞན་དག་བརྟག་དཔྱད་བྱེད་འདོད་ཡོད་རིགས་ཚང་མར་བརྟག་དཔྱད་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ས་ཁུལ་ཁ་ཤས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་དང་སྨན་ཁང་སོགས་ཀྱི་བརྟག་དཔྱད་ནུས་པའི་ཞན་ཆ་དུས་ཚོད་དམ་འཛིན་གྱིས་སེལ་དགོས་པ་དང་། ལྷག་དོན་དུ་མགྱོགས་མྱུར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་འགུལ་སྐྱོད་སྟབས་བདེའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་དགོས་མཁོ་ཆེ་སར་བརྟག་དཔྱད་བྱེད་པར་སྟབས་བདེ་དེ་བས་མང་བ་སྐྲུན་དགོས། སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་དང་། སྨན་བཅོས་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། རིམས་འགོག་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་འགོག་སྨན་ཁབ་དང་ནུས་ཆེའི་སྨན་རྫས་ཚན་ཞིབ་འགག་སྒྲོལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མིག་སྔར། འབྲེལ་ཡོད་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པས། ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། དུས་མཚམས་ཁག་གི་ནད་ཐོག་སྨན་བཅོས་ཚོད་ལྟར་ཁྲིམས་བཞིན་དང་ལུགས་མཐུན་ངང་སྐུལ་འདེད་ཧུར་ཐག་གཏོང་བ། སྔ་ཙམ་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་པ་རེད།

  
style="display:none;"