མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་08ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ཁོ་སི་ཐ་རི་ཁ་ཕྱོགས་ཀྱིས་རང་འགུལ་ངང་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་རྫས་རོགས་སྐྱོར་གནང་བ་དེ་ང་ཚོའི་སྙིང་དབུས་སུ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་སི་ཐ་རི་ཁ་ནི་ལ་ཏིང་མེ་གླིང་ས་ཁུལ་དུ་རིམས་འགོག་མཉམ་ལས་བྱེད་པའི་རོགས་ཟླ་གལ་ཆེན་དུ་བརྩིས་ཏེ་ཁོ་སི་ཐ་རི་ཁར་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བ་དང་འབྲེལ་རིམས་འགོག་ཉམས་མྱོང་གི་བརྙན་ལམ་སྤེལ་རེས་ཚོགས་འདུ་འཚོགས་ཡོད། དེང་སྐབས་ལ་ཏིང་མེ་གླིང་ས་ཁུལ་གྱི་རིམས་ནད་དུས་བབ་ཛ་དྲག་ཆེ་བས་ཀྲུང་གོ་ཕྱོགས་ཀྱིས་ཁོ་སི་ཐ་རི་ཁ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད་ལ་ཁོ་སི་ཐ་རི་ཁའི་དགོས་མཁོ་ལྟར་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་མུ་མཐུད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཁོ་སི་ཐ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་ཐད་ཀྱི་འབད་བརྩོན་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁོ་སི་ཐ་རི་ཁ་ནི་ཀྲུང་གོའི་བློས་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་འབྲས་བུ་ཐོབ་ཡོད། རིམས་ནད་ཀྱིས་ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་སྣ་འགྲོ་འོང་བྱེད་པའི་ཐད་ཤུགས་རྐྱེན་ངན་པ་ཐེབས་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་ཡུན་རིང་གི་མཛའ་གྲོགས་མཉམ་ལས་ཀྱི་མཛད་ཕྱོགས་འགྱུར་ལྡོག་གཏོང་མི་སྲིད་པ་དང་ཁོ་སི་ཐ་རི་ཁ་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་ལངས་ཕྱོགས་ལ་འགྱུར་ལྡོག་གཏོང་མི་སྲིད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་རིམས་ནད་ཐོན་རྗེས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་ཐུན་མོང་ཐོག་འཆར་འགོད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་འབྲེལ་བ་དེ་ཐུན་མོང་ཐོག་རིམས་འགོག་བྱེད་པ་བརྒྱུད་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།
     ཨར་ཝ་ལ་ཏུའོ་ཡིས་ཁོ་སི་ཐ་རི་ཁ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་13སོང་རིང་ཕྱོགས་གཉིས་པོའི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། ཁོ་སི་ཐ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་སྲུང་བ་དང་ཀྲུང་གོ་ཕྱོགས་དང་སྤྱི་པའི་འཕྲོད་བསྟེན་དང་། རྨང་གཞིའི་སྒྲིག་བཀོད། རིག་གནས་སོགས་ཁྱབ་ཁོངས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་ཕྱོགས་མེ་གླིང་དབུས་རྒྱུད་དུ་ཡོང་བའི་འབྲེལ་ཟམ་དང་སྒོ་མོ་ལྟ་བུར་གྱུར་བ་བྱས་ཐོག་ཁོ་སི་ཐ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་རླབས་ཆེའི་རྒྱལ་ཁབ་ཅིག་ཡིན་པས་ཁོ་སི་ཐ་རི་ཁས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་དད་མོས་སྐྱེ་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་དེ་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སུ་བརྩི་རྒྱུའི་ཁྱབ་བསྒྲགས་གནང་བར་དད་གུས་ཆེན་པོ་སྐྱེས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁོ་སི་ཐ་རི་ཁས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཁོ་སི་ཐ་རི་ཁས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"