མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་འགོག་སྨན་བརྙན་ལམ་ཚོགས་འདུར་གསུང་བཤད་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་05ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ལི་ཁེ་ཆང་གིས་འགོག་སྨན་བརྙན་ལམ་ཚོགས་འདུར་གསུང་བཤད་སྤེལ་བ།

    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལེ་ཁེ་ཆང་གིས་ཚེས་4ཉིན་གྱི་དགོང་མོར། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ཏུ་གསུང་བཤད་སྤེལ་བ།
    ལི་ཁེ་ཆང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་མདུན་དུ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་རྩ་བ་དང་ཚེ་སྲོག་བླ་མེད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་ནུས་ལྡན་གྱིས་ཚོད་འཛིན་བྱས་ཡོད། ཡིན་ནའང་། རིམས་ནད་ད་དུང་མཇུག་རྫོགས་མེད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་དང་བདེ་སྡུག་མཉམ་མྱོང་ཡིན་པས། རྒྱལ་ཁབ་གཅིག་གིས་ཀྱང་རང་མགོ་རང་ཐོན་བྱེད་ཐུབ་མཁན་མེད། སྔོན་འདིར་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་མཉམ་དུ་བསྐྲུན་ནས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་དང་བྱེད་ཐབས་བཏོན་གནང་བ་རེད། ཀྲུང་གོས་མུ་མཐུད་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་འཐབ་རྩོད་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་ནུས་པས་གང་ལྕོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། 
    ལི་ཁེ་ཆང་གིས་བསྟན་དོན། རིམས་ནད་སྔར་བཞིན་གནས་ལ་འགྲན་སློང་སྔར་བཞིན་ཛ་དྲག་ཡིན་པའི་གནས་བབ་འོག  རིམས་འགོག་སྨན་ཁབ་ནི་ནད་དུག་འགོག་པའི་ཕུབ་ནུས་ལྡན་དེ་རེད། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་སོགས་ཐད་ནས་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིམས་འགོག་སྨན་ཁབ་ལྟེ་གནས་མང་པོའི་ནད་ཐོག་སྨན་བཅོས་ཚོད་ལྟ་དང་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་ཚོང་རའི་ཐོག་གང་མགྱོགས་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་ལ་བདེ་འཇགས་དང་། ནུས་ལྡན། སྤུས་ཚད་མཐོ་བ་བཅས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་མཁོ་སྤྲོད་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་རིམས་འགོག་སྨན་ཁབ་ཁྱབ་ཐུབ་པ་ཅན་དང་འགན་ཁུར་ཐུབ་པ་ཅན་མངོན་འགྱུར་བྱུང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན། 
     ལི་ཁེ་ཆང་གིས་ནན་བཤད་གནང་དོན། ཀྲུང་གོས་ཏོག་གསར་ཀྱི་འགོག་སྨན་དང་། སྨན་རྫས། ཞིབ་དཔྱད་ཚོད་རྫས་བཅས་ཀྱི་ཚན་ཞིབ་འགག་སྒྲོལ་ལ་དམ་འཛིན་ནན་མོ་བྱས་ནས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཡུན་རིང་མ་འགོར་གོང་དུ་ཡོ་རོབ་མནའ་འབྲེལ་སོགས་ཀྱིས་སྤེལ་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་ཞལ་འདེབས་ཁས་ལེན་ཚོགས་ཆེན་ལ་ཞུགས་པ་དང་། ཕྱོགས་ཁག་དང་འབྲེལ་ཡོད་མཉམ་ལས་མུ་མཐུད་ཤུགས་རྒྱག་འདོད་ཡོད། གོ་ལ་ཧྲིལ་པོའི་འགོག་སྨན་རིམས་ཐར་མནའ་འབྲེལ་ལ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པ་སྟེ་དེ་སྔོན་མ་དངུལ་བཏང་ནས་ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་དང་རྒྱལ་སྤྱིའི་ཉེར་སྤྱོད་ཐད་ལ་རྒྱབ་སྐྱོར་བྱས་ཡོད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་གསར་པའི་མདུན་དུ། ཀྲུང་གོ་སྲིད་གཞུང་གིས་མནའ་འབྲེལ་གྱི་མ་དངུལ་གྲབས་གསོག་དུས་འཁོར་ལ་ཞལ་འདེབས་ཕུལ་འདོད་ཡོད་ལ།  ཀྲུང་གོའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དང་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་ཀྱིས་མནའ་འབྲེལ་དང་མཉམ་ལས་ལ་ཤུགས་རྒྱག་རྒྱུར་སྐུལ་མ་གཏོང་བ་དང་། མནའ་འབྲེལ་གྱིས་རིམས་འགོག་སྨན་ཁབ་ཁྱབ་གདལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱས་ཡོད། ང་ཚོས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་རེ་བ་བྱེད། 
    ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་འགོག་སྨན་རིམས་ཐར་མནའ་འབྲེལ་ལ་མ་དངུལ་གྲབས་གསོག་བྱས་ཏེ། རིམས་འགོག་སྨན་ཁབ་དང་ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་བཅས་མགྱོགས་པོ་ཡོང་བར་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དེ་ཡིན། རྒྱལ་ཁབ་30ལྷག་ཙམ་གྱི་འགོ་ཁྲིད་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད། 

  
style="display:none;"