འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཐུང་ཧའེ་ས་ཡོམ་ཁྲོད་མི་ཁྲི་4.8ལ་གནོད་འཚེ་ཕོག་པ་དང་། མི་18ལ་རྨས་
    སྐྱོན་ཕོག་ཅིང་། མྱུར་སྐྱོབ་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་གྱིན་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་14ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་བརྡ་ཁྱབ་བཏང་དོན། ཚེས་13ཉིན་གྱི་ཆུ་ཚོད་18དང་སྐར་མ་30ཐོག་ཏུ། ཉིན་དེའི་ཐོ་རེངས་ལ་ཡུས་ཞི་གྲོང་ཁྱེར་ཐུང་ཧའེ་རྫོང་དུ་ས་ཡོམ་རིམ་པ་5.0བྱུང་བ་དེས་ཐུང་ཧའེ་རྫོང་དང་། ཅང་ཁྲོན་ཆུས། ཧྭ་ཉིང་རྫོང་བཅས་ཀྱི་མི་ཁྲི་4.8ལ་གནོད་པ་བཟོས་ཤིང་། མི་18ལ་རྨས་སྐྱོན་ཕོག་ཡོད། དུད་ཁྱིམ་6000ལྷག་གི་ཁང་པ་ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཤོར་ཡོད་པ་རེད། གསར་འགོད་པས་གནོད་འཚེ་ཕོག་ཁུལ་ནས་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་གསལ། མྱུར་སྐྱོབ་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། རྨས་མ་རྣམས་སྨན་ཁང་དུ་ནད་བཅོས་བྱེད་པར་བསྐྱལ་ཡོད་ཅིང་། མིག་སྔར་ཚེ་སྲོག་གི་བར་ཆད་སེལ་ཡོད་པ་རེད།
       ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཚེས་13ཉིན་ཆུ་ཚོད་1དང་སྐར་མ་44ཐོག ཡུས་ཞི་གྲོང་ཁྱེར་ཐུང་ཧའེ་རྫོང་དུ་ས་ཡོམ་རིམ་པ་5.0བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་7ཡོད་པ་དང་། ཡོམ་གནས་ནི་ཐུང་ཧའེ་རྫོང་སི་ཅའེ་གྲོང་རྡལ་རྒྱུད་ཡིན་ཞིང་། དེ་ནས་རྫོང་བར་དུ་སྤྱི་ལེ་9ཡོད་པ་རེད། ས་ཡོམ་བྱུང་དུས་སུ། ཡུས་ཞི་གྲོང་ཁྱེར་ཡོངས་ལ་ཡོམ་ཚོར་བྱུང་ཡོད་ཅིང་། ཉེ་འཁོར་གྱི་རང་སྐྱོང་ཁུལ་དང་གྲོང་ཁྱེར་ཁ་ཤས་ལའང་ཡོམ་ཚོར་བྱུང་ཡོད་པ་རེད། 
         ཁང་པར་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་བྱ་ཆེད། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་རས་གུར་200དང་། ལྟེབ་ཆོག་པའི་ཉལ་ཁྲི་600  ཉལ་གདན་600  ཉལ་ཐུལ་1000 རས་ཁྲ་200སོགས་མགྱོགས་པོར་བསྐྱལ་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།