འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་སུ་བཅའ་སྡོད་ཀྲུང་གོའི་སྐུ་ཚབ་ཀྱིས་གོང་གཏུག་སྒྲིག་གཞིའི་ཁོངས་མི་
    གདམ་གསེས་ཀྱི་བརྒྱུད་རིམ་ལག་ལེན་བསྟར་དགོས་པའི་འབོད་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན། རེ་ནེ་ཝ་རུ་འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཤང་ཁྲེན་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གོང་གཏུག་སྒྲིག་གཞིའི་ཁོངས་མི་གདམ་གསེས་ཀྱི་བརྒྱུད་རིམ་ལག་ལེན་བསྟར་ནས་སྒྲིག་གཞི་དེ་ཉིད་གང་མགྱོགས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ནང་གི་ཚོང་དོན་རྩོད་གཞི་ཐག་གཅོད་ཀྱི་འགན་འཁུར་མཁན“ཆེས་མཐོའི་ཁྲིམས་ཁང”ཡིན་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གོང་གཏུག་སྒྲིག་གཞི་ནི་ཁོངས་མི་7ལས་གྲུབ་པ་ཞིག་ཡིན། འོན་ཀྱང་ཨ་རིས་ཁོངས་མི་གསར་པ་གདམ་གསེས་ཀྱི་འཕེལ་རིམ་ལ་འགོག་རྐྱེན་བཟོས་པས། སྒྲིག་གཞིར་དེར་མིག་སྔར་འགན་ཁུར་མུས་ཀྱི་ཁོངས་མི་4ལས་མེད་པ་རེད།
         ཀྲང་ཤང་ཁྲེན་གྱིས་གོང་ཚེས་ཉིན་འཚོགས་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཨ་རིས་གོང་གཏུག་སྒྲིག་གཞིའི་ཁོངས་མི་གདམ་གསེས་ཀྱི་བརྒྱུད་རིམ་ལ་འགོག་རྐྱེན་བཟོས་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཐབས་ཇུས་ལམ་སྲོལ་གང་བྱུང་དུ་སྤྱད་པར་ཁ་རྡུང་བཏང་ཞིང་། ཁོང་གིས་གོང་གཏུག་སྒྲིག་གཞིའི་ཐག་གཅོད་ནུས་པ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་ལམ་གྱི་གཅིག་གྱུར་རང་བཞིན་དང་མ་འོངས་སྔོན་མཐོང་རང་བཞིན་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཀྲང་ཤང་ཁྲེན་གྱིས་མིག་སྔར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ལ་དེ་བཙུགས་ཚུན་གྱི་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་འཕྲད་ཡོད། གལ་ཏེ་ཁོངས་མི་གསར་པ་གདམ་གསེས་བྱེད་མ་ཐུབ་ན། གོང་གཏུག་སྒྲིག་གཞི་ནུས་མེད་དུ་གྱུར་ནས་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་ཧྲིལ་པོ་ཉེན་ཁའི་གནས་སུ་གྱར་རྒྱུ་རེད། “གལ་ཏེ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་མཐར་རྩོད་གཞི་ཐག་གཅོད་བྱེད་པའི་ནུས་པ་དེ་མེད་པར་གྱུར་ཚེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་ལམ་ནུས་ལྡན་ངང་ལག་ལེན་བསྟར་ཐབས་བྲལ་བས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དབང་གྲགས་དང་མཚན་སྙན་ལ་གནོད་འཚེ་ཕོག་རྒྱུ་དང་མཐར་ང་ཚོས་ཕྱོགས་རྐྱང་པའི་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ནུས་ལྡན་ངང་ཚོད་འཛིན་བྱེད་མི་ཐུབ”ཅེས་གསུངས་པ་རེད།
          ད་དུང་ཀྲང་ཤང་ཁྲེན་གྱིས་ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་སྤྱིར་ན་འཁོར་སྐྱོད་ཡག་པོ་བྱུང་ཡོད་པ་དང་ཨ་རིའང་ལམ་སྲོལ་དེའི་ཕན་པ་ཐོབ་མཁན་གཙོ་བོའི་གྲས་ཤིག་རེད། ཨ་རིས་གོང་གཏུག་སྒྲིག་གཞིའི་ཁོངས་མི་གདམ་གསེས་ཀྱི་བརྒྱུད་རིམ་ལ་འགོག་རྐྱེན་བཟོས་པ་ནི་ཁོངས་མི་ཡོངས་ཀྱིས་གྲོས་མཐུན་གཅིག་གྱུར་བྱུང་བའི་ཐབས་ཇུས་ལམ་སྲོལ་དེ་གང་བྱུང་དུ་སྤྱད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།