འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ་བོད་དུ་མི་ཚོགས་ཀུན་ལ་ཐུམ་འབུའི་ནད་ཡོད་མེད་དབྱེ་གསེད་བརྟག་དཔྱད་ལེགས་གྲུབ་ཟིན་རྗེས་ནད་པར་སྨན་བཅོས་བྱེད་པ་དང་ཆབས་ཅིག་ཏུ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
         ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་འགོ་བའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་པ་དང་། དེའི་རྒྱུན་མཐོང་གི་ནད་རིགས་ནང་ནས་ལྦུ་སོབ་དབྱིབས་ཅན་གྱི་ཐུམ་འབུའི་ནད་ནི་འཆི་ཚད་མཐོ་བའི་ནད་ཅིག་ཡིན་པར་བརྟེན“འབུ་སྐྲན”ཞེས་བརྗོད་ཀྱི་ཡོད། ན་ཚ་དེ་ལངས་ཚེ། ནད་པའི་གློ་མཆིན་ཀླད་གསུམ་དང་དེ་བཞིན་རུས་པ་སོགས་ཀྱི་དབང་པོ་དང་ལུས་པོའི་གྲུབ་ཆ་ཉམས་ཀྱི་ཡོད།
         2017ལོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་16དང་དེ་བཞིན་དགེ་སྒྲུབ་སྒྲིག་གཞི་ཁག་གཅིག་གིས་རིགས་གཅིག་མཁས་ཅན་500ཙམ་སྒྲིག་འཛུགས་བྱས་ནས་བོད་ལ་མངགས་ཏེ། བོད་ལྗོངས་ནང་ཁོངས་ནས་སྔ་རྗེས་སུ་སྨན་དོན་པ་800ལས་གྲུབ་པའི་དབྱེ་གསེད་ཚོགས་ཆུང་དང་མཉམ་དུ་དབྱེ་གསེད་ཀྱི་ལས་དོན་ནང་ཞུགས་ཤིང་། ད་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དང་། རྫོང(ཆུས)74ཡི་ཤང་དང་གྲོང་རྡལ་ཁག་དང་སྲིད་འཛིན་གྲོང་ཚོ་ཁག་ལ་རིན་པ་མི་དགོས་པར་དབྱེ་གསེད་ལས་དོན་སྤེལ་ནས“རྫོང་གིས་ཤང་མ་ལུས་པ་དང་། ཤང་གིས་གྲོང་ཚོ་མ་ལུས་པ། གྲོང་ཚོས་དུད་ཚང་མ་ལུས་པ། དུད་ཚང་གིས་ཁྱིམ་མི་མ་ལུས་པ”བཅས་བྱེད་པའི་དམིགས་ཚད་བསྒྲུབས་ཏེ་མི་27000ཙམ་ལ་ནད་གཞི་ཡོད་པ་བརྟག་དཔྱད་ཐུབ་ཡོད།
        ནད་པར་སྨན་བཅོས་དང་ནད་གཞི་དབྱེ་གསེད་བྱ་རྒྱུ་མཉམ་དུ་སྤེལ་ཡོད། བོད་ཀྱི་སྨན་ཁང་13ཐུམ་འབུའི་ནད་སྨན་བཅོས་ཀྱི་གནས་གཏན་འཁེལ་སྨན་ཁང་ལ་གཏན་འཁེལ་བྱས་པ་དང་། ནད་པའི་རང་མོས་ཀྱི་རྨང་གཞིའི་ཐོག་གཤགས་བཅོས་བྱ་རྒྱུའི་འདོད་མོས་ཡོད་པའི་ནད་པར་སྨན་རིན་མི་དགོས་པར་གནས་གཏན་འཁེལ་སྨན་ཁང་དུ་གཤགས་བཅོས་བྱེད་ཆོག་གི་ཡོད། 2017ལོར་བོད་ཀྱིས་ནད་པ་1600ལྷག་ཙམ་ལ་གཤགས་བཅོས་བྱས་པ་མ་ཟད། སྨན་གྱིས་སྨན་བཅོས་ཐུབ་པའི་ནད་པར་སྨན་ཡང་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།