འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མྱུར་བགྲོད་མེ་འཁོར་བཞུགས་ནས་ཕེབས། དུས་རབས་གསར་པ་ལྷུག་པོར་གླེང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནས་ཡིན་པའི་ཝུའེ་མིང་ཏེ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཡིན། ཨུ་ཡོན་གཞན་གྱིས་ཁོང་ལ་ཁ་པར་བརྒྱབ་ནས་མྱུར་བགྲོད་མེ་འཁོར་བསྡད་དེ་པེ་ཅིང་དུ་ཚོགས་འདུ་གཉིས་ལ་ཞུགས་རྒྱུའི་ཁ་ཆད་བྱེད་སྐབས་ཁོང་གིས་འཕྲལ་ཐག་ཆོད་པོས་ཁས་བླངས་པ་རེད།
         མྱུར་བགྲོད་མེ་འཁོར་སྟབས་བདེ་པོ་ཡོད་པ་ཝུའེ་མིང་ཏེས་སྔ་ས་ནས་མཁྱེན་གྱི་ཡོད། ལོ་ཞིག་ཧོ་ནན་ཀྲེང་ཀྲོའུ་རུ་ཚོགས་འདུ་འཚོགས་རྗེས། གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཤང་ཀང་དུ་ལོག་པའི་དུས་གཏན་གནམ་གྲུ་འཕུར་ཐུབ་མེད། དེས་ན་ཁོང་གིས་མྱུར་བགྲོད་མེ་འཁོར་ལ་བཞུགས་ཏེ་ཝུའུ་ཧན་བར་ཕེབས་པ་དང་དེ་ནས་གནམ་གྲུར་བཞུགས་ཏེ་ཤང་ཀང་ལ་ལོག་ཡོད། སྐབས་དེ་དུས་ཁོང་གིས་ད་དུང་དབྱིན་ཇིའི་གྲོགས་པོ་གཉིས་མཉམ་དུ་འཁྲིད་ཡོད། ལམ་བར་དུ་དབྱིན་ཇིའི་གྲོགས་པོ་གཉིས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་འཕེལ་རྒྱས་གནས་ཚུལ་ལ་ཧང་སངས་ནས་བསྔགས་བརྗོད་ཡང་ཡང་བྱས་པར། ཝུའེ་མིང་ཏེར་ངོ་སོ་ཆེན་པོ་བྱུང་བ་དང་སྤོབས་པ་ཆེན་པོ་སྐྱེས།
         ཟླ་3ཚེས་1ཉིན་ཧྲེན་ཀྲེན་ཧྥུན་ཐེན་ནས་ཐེངས་G72ཀྱི་མྱུར་བགྲོད་མེ་འཁོར་ལ་མཉམ་དུ་བཞུགས་ཏེ་པེ་ཅིང་དུ་ཚོགས་འདུ་གཉིས་ལ་ཕེབས་མཁན་འཐུས་མི་དང་ཨུ་ཡོན་30ཙམ་ཡོད། ཁོང་རྣམ་པར་མྱུར་བགྲོད་མེ་འཁོར་ལ་བཞུགས་རིང་ཝུའེ་མིང་ཏེ་དང་མྱོང་ཚོར་གཅིག་པ་བྱུང་ཡོད། མ་ཐོན་གོང་ཁོང་ཚོས་ད་དུང་རྡོག་ཐོན་མཛད་སྒོ་སྟབས་བདེ་ཞིག་གཉེར་བ་དང་ཚང་མའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཡོད།
         ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཐིང་ཚུང་ནི་ད་ཐེངས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱི་གྲས་ཤིག་རེད། ཟླ་གསུམ་གོང་ནས་ཁོང་ལ་ཐབས་ཤེས་འདི་ཡིད་ལ་འཁོར་ཡོད། “ངས་ནང་སར་རྟག་ཏུ་མྱུར་བགྲོད་ལྕགས་ལམ་སྡོད་ཀྱི་ཡོད། གང་ཡིན་ཞེ་ན་འདི་བདེ་འཇགས་དང་། སྟབས་བདེ། དུས་ཐོག་བཅས་ཡོད་པས་ཡིན། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་ཚང་མས་མྱུར་བགྲོད་མེ་འཁོར་ལ་སྔར་བས་ངོས་འཛིན་ཐུབ་པ་དང་མྱུར་བགྲོད་མེ་འཁོར་ལ་སྡོད་རྒྱུར་དགའ་པོ་བྱ་ཆེད་ཡིན”ཞེས་ཝང་ཐིང་ཚུང་གིས་གསུངས།
         གྲོས་འགོ་བཏོན་རྗེས་ཚང་མས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་འགོད་པའི་སྣང་ཚུལ་དེ་ཡང་གྲོས་འགོ་འདོན་མཁན་གྱི་བསམ་ཚོད་ལས་བརྒལ་ཡོད། “མི་གྲངས་ལ་ཚད་བཀག་ཡོད་པས་རྗེས་སུ་མིང་ཐོ་འགོད་མཁན་ལ་ཁས་ལེན་ཐབས་བྲལ་སོང་། མྱུར་བགྲོད་ལྕགས་ལམ་ཐོག་གཞུང་དོན་སྒྲུབ་པ་དང་གནས་ཚུལ་ལ་གྲོས་བསྡུར་བྱེད་ཆོག་ལ། ད་དུང་ཡུལ་ལྗོངས་ལ་ཡང་ལྟ་ཆོག་པས་ཚང་མས་དགའ་པོ་བྱེད་ངེས་རེད”ཅེས་ཝང་ཐིང་ཚུང་གིས་གསུངས།
         ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་གྱི་ཤང་ཀང་དུམ་བུ་ལས་མཇུག་འགྲིལ་ཉེར་ཡོད་པས་སྔོན་དཔག་བྱས་ན་འདི་ལོའི་དུས་ཚིགས་གསུམ་པར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་ཤང་ཀང་ཡང་རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་སྦྲེལ་ཐུབ། པེ་ཅིང་དུ་སླེབས་ཉེའི་མཚམས་སུ་ཝུའེ་མིང་ཏེས“སང་ལོ་པེ་ཅིང་དུ་ཚོགས་འདུ་གཉིས་ལ་ཞུགས་པར་ཡོང་སྐབས་ཐད་ཀར་ཤང་ཀང་གི་ཅིའུ་ལུང་ནས་ཐོན་ན་འགྲིག”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།