འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་དེ་བར་སྣང་ས་ཚིགས་ཀྱི་དུས་རབས་སུ་སླེབས་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇིག་རྟེན་འཕུར་སྐྱོད་པ་དབྱང་ལི་ཝུའེ་ཡིས་ཚེས་3ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི“ཨུ་ཡོན་བགྲོད་ལམ”ཐེངས་དང་པོ་བརྒྱུད་སྐབས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་དེ་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་དུས་མཚམས་སུ་ཕྱོགས་ཡོངས་ནས་སླེབས་པ་དང་བར་སྣང་ས་ཚིགས་ཀྱི་དུས་རབས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
         དབྱང་ལི་ཝུའེ་ཡིས་འདི་ལོ་ནི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་ཞིབ་ལས་འགན་ཤིན་ཏུ་ལྕི་བ་དང་གནད་འགག་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། རང་རྒྱལ་གྱི་བར་སྣང་ས་ཚིགས་ཀྱི་ལྟེ་བའི་ཚང་དེ་ཐོག་མའི་བཟོ་དབྱིབས་ཞིབ་འཇུག་གསར་བཟོའི་དུས་མཚམས་ནས་དངོས་གཞིའི་དུས་མཚམས་སུ་སླེབས་པ་དང་ཚང་གཞན་དག་ཐོག་མའི་བཟོ་དབྱིབས་ཞིབ་བཟོ་དང་ཐོན་སྐྱེད་བྱེད་ཀྱི་ཡོད། འདི་ལོ་རང་རྒྱལ་གྱིས་ཁག་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པ་འདེམས་རྒྱུ་ཡིན་པ་དང་ད་ཐེངས་ཀྱི་འདེམས་སྒྲུག་གི་གྲངས་འབོར་དང་། རིགས། ཁྱབ་ཁོངས་སོགས་ཚང་མར་འགྱུར་ལྡོག་ཕྲན་ཙམ་འགྲོ་རྒྱུ་རེད་ཅེས་གསུངས།
         “དུས་རབས་གསར་པ་ནི་འབད་འཐབ་པའི་དུས་རབས་ཡིན། འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་ལྡན་པ་དང་འབད་འཐབ་བྱེད་ཕོད་པའི་ན་གཞོན་དེ་བས་མང་བ་དཔུང་ཁག་དེའི་ནང་ཞུགས་ནས་རང་རྒྱལ་འདི་ཉིད་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་ཏེ་དུས་རབས་གསར་པའི་འབོད་སྐུལ་ལ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་དབྱང་ལི་ཝུའེ་ཡིས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།