འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱས་པ་ལས་ཀན་ལྷོའི་དུད་ཚང་མང་པོ་ཞིག་ལ་ཕན་པ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “དེ་སྔོན་གྲོང་ཚོ་ཡོངས་སུ་ཆན་ཕུའུ་ཨན་30ལས་མ་ཟིན་པའི་གློག་གནོན་སྒྱུར་ཆས་གཅིག་ལས་མེད། གློག་མཁོ་འདོན་གྱི་གློག་སྐུད་རིང་བ་དང་། གློག་སྐུད་ཕྲ་བ། ཟད་གྲོན་ཆེ་བ་བཅས་ཡོད་པས་དུད་ཚང་རེར་ཆ་སྙོམས་ཤོང་ཚད་ཆུང་བ་དང་། གློག་སྤྱོད་མང་བའི་དུས་སུ་ཝ་100ཡི་ཤེལ་ཏོག་གིས་ཝ་40ཡི་ནུས་པ་ལས་ཐོན་གྱི་མེད”ཅེས་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་ཀ་ཤུལ་གྲོང་ཚོའི་ཀྲུའུ་རེན་དགེ་རི་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་དང་། ཀ་ཤུལ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་ཤང་གི་འབྲོག་ལས་གྲོང་ཚོ་ཞིག་ཡིན་ཞིང་། ཀན་སུའུ་ཞིང་ཆེན་གྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ་ལས་གྲོང་ཚོ་དེའི་བོད་རིགས་མང་ཚོགས་དུད་ཚང་365ལ་ཕན་པ་ཐོབ་ཡོད་པ་རེད།
         ཀན་ལྷོར་ཞིང་འབྲོག་གྲོང་ཚོ་ཅུང་ཁ་ཐོར་ཡིན་པ་དང་། སྒྱུར་བཀོད་མ་བྱས་གོང་གི་གློག་དྲ་ཅུང་ཉམས་ཞན་ཡིན་པས་གློག་གནོན་ཚད་འབྲིང་དམའི་གློག་དྲ་ནས་གློ་མཁོ་འདོན་ཡག་པོ་མ་ཐུབ་པས་གློག་དྲའི་མཐའ་སྣེའི་གློག་གནོན་ཧ་ཅང་དམའ་པོ་ཡོད་པ་རེད། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་འགན་ལེན་བྱ་ཆེད། ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་གསར་པ་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་རེས་སྐོར་གསར་པའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་ཏེ་གྲོང་ཚོ་དབུལ་པོ་(སྲིད་འཛིན་གྲོང་ཚོ་)6220ཚང་མར་སྒུལ་ཤུགས་གློག་ཤར་གཏོང་ཐུབ་པ་བྱས་པས་གྲོང་གསེབ་ཀྱི་གློག་དྲའི་གློག་འདོན་བརྟན་པོ་ཡོང་ཚད་99.716%བར་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་གློག་དྲའི་གློག་གནོན་ཚད་ལོན་ཚད་98.868%བར་མཐོ་རུ་ཕྱིན་ནས་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གློག་སྤྱོད་གནས་ཚུལ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
         གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱས་རྗེས་དེ་སྔོན་གྲོང་ཚོའི་ནང་གློག་དཀོན་པའི་གནད་དོན་ཚང་མ་ཐག་གཅོད་ཐུབ་ཅིང་། འབྲོག་པ་བསོད་ནམས་མགོན་པོས“ཁྱིམ་ཚང་ཕལ་ཆེ་བས་འཁྱག་སྒམ་དང་། གོས་འཁྲུད་འཕྲུལ་འཁོར། གློག་ལྟིར་སོགས་ཉོས་ཡོད། གློག་ཆས་ཚང་མ་སྤྱད་ཀྱང་གློག་སྤྱོད་རྒྱུ་དེ་གོང་ལས་སྟབས་བདེ་བ་འདུག”ཅེས་བརྗོད།
         ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་གྱི་སྣུམ་བཙིར་ཁང་ནང་འཕྲུལ་འཁོར་གྱི་སྒྲ་ལྷང་ལྷང་གྲགས་པ་དང་། མི་མང་པོ་ཞིག་དེ་གར་སྣུམ་འཚག་བཞིན་ཡོད་པ་དང་། སྣུམ་བྱུར་པོར་བླུགས་པའི་པད་སྣུམ་ལྕགས་ཀྲིན་40ལྷག་ཙམ་གྲལ་སྒྲིག་པོས་གྱང་ཟུར་དུ་བསྒྲིགས་ནས་བཞག་ཡོད་པ་དང་། སྦྱིན་བདག་དཀོན་མཆོག་གིས་དེ་ཉིན་གྱི་མངགས་ཐོར་རྩིས་ཞིབ་ཕྲ་རྒྱག་བཞིན་འདུག
         “དེ་སྔོན་གློག་གནོན་བརྟན་པོ་མེད་པས་སྣུམ་བཙིར་ཁང་ནང་འཕྲུལ་འཁོར་ཆུང་ཆུང་སྤྱོད་ཀྱི་ཡོད། དགོང་མོ་གློག་སྤྱོད་མཁན་དུད་ཚང་ཉུང་དུ་འགྲོ་གི་ཡོད་པས་ང་ཚོས་མཚན་གང་ལས་ཀ་བྱས་ཀྱང་ཐོན་ཚད་སྔ་བར་ཕྱི་གསུམ་དུ་མཐོ་རུ་འགྲོ་གི་མི་འདུག གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱས་རྗེས་སྣུམ་བཙིར་ཁང་ནང་འཕྲུལ་འཁོར་གསར་པ་གཉིས་ཉོས་པས་ག་དུས་ཡིན་ཡང་སྤྱོད་ཆོག་གི་འདུག ད་ཆ་མཚན་མོ་ལས་ཀ་བྱེད་དགོས་ཀྱི་མི་འདུག ཐོན་ཚད་ཀྱང་དེ་སྔོན་གྱི་ཉིན་རེར་སྣུམ་ལྕགས་ཀྲིན་20ལྷག་ཙམ་ནས་ད་ཆའི་སྣུམ་ལྕགས་ཀྲིན་70ལྷག་ཙམ་བར་མང་དུ་ཕྱིན་སོང”ཞེས་དཀོན་མཆོག་གིས་བརྗོད།
         འབྱུང་འགྱུར་ལོ་གསུམ་ནང་ཀན་སུའུ་ཞིང་ཆེན་གིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་ལས་གྲྭ་མུ་མཐུད་ལག་ལེན་བསྟར་ནས་ཞིང་ཆེན་དེ་ཡོངས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་དང་ལྷག་དོན་དུ་རྒྱལ་ཁབ་ཀྱི“ཀྲོའུ་གསུམ་དང་ཁུལ་གསུམ”གྱི་གྲས་སུ་ཚུད་པའི་རྫོང་དབུལ་པོའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་གཙོ་གནད་ཐོག་ལག་ལེན་བསྟར་རྒྱུ་དང་འབྲེལ་ས་ཁུལ་དེ་དག་ལ་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་འོད་ཤུགས་གློག་དྲ་ལེ་ལག་ཚང་བའི་འཛུགས་སྐྲུན་བྱས་ཏེ་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་གློག་དྲ་ཉམས་ཞན་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་མང་ཚོགས་དབུལ་པོ་འབབ་འཕར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།